ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་མེ་ཟོན་རོགས་སྐྱོབ་རུ་ཆེན་གྱིས་ཆུས་འཕྲལ་སྡོམ་དོ་དམ་ཅུས་དང་མཉམ་དུ“གངས་ལྗོངས་མེ་ལྕེ་སྔོན་པོའི་ཞབས་ཞུའི་ས་ཚིགས”བཏོད་པ།
“དམངས་ཡོངས་ཀྱིས་མེ་ཟོན་བྱེད། ཚེ་སྲོག་གོང་དུ་བཀུར་བའི”མེ་ཟོན་དྲིལ་བསྒྲགས་ཀྱི་ཁོར་ཡུག་སྔར་བས་ལེགས་པར་བསྐྲུན་པ་དང་། རྒྱ་ཆེའི་མང་ཚོགས་ཚོའི་མེ་ཟོན་བདེ་འཇགས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་ཆེད། ཉེ་ཆར། ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་མེ་ཟོན་རོགས་སྐྱོབ་རུ་ཆེན་གྱིས་ཆུས་འཕྲལ་སྡོམ་དོ་དམ་ཅུས་དང་མཉམ་དུ་བེད་མེད་ཐོན་ཁུངས་བེད་སྤྱོད་ནུས་ལྡན་བྱས་ཏེ། ཉིང་སྐྱུར་འཚོལ་བསྡུའི་ཁང་ཆུང་ཁ་ཤས་སྒྱུར་བཀོད་བྱས་ནས“གངས་ལྗོངས་མེ་ལྕེ་སྔོན་པོའི་ཞབས་ཞུའི་ས་ཚིགས”བསྐྲུན་ཏེ་གྲོང་མི་ཚོར་དེ་བས་སྟབས་བདེ་དང་ཕུན་སུམ་ཚོགས་པའི་མེ་ཟོན་བདེ་འཇགས་ཞབས་ཞུ་མཁོ་འདོན་བྱས་ཡོད། བྱ་ཐབས་འདིས་ཐོན་ཁུངས་བསྐྱར་སྤྱོད་མངོན་འགྱུར་ཐུབ་ཡོད་ལ། གྲོང་མི་ཚོར་མེ་ཟོན་ཤེས་བྱ་སློབ་སྦྱོང་དང་སྤྲོ་གསེང་ངལ་གསོ་མཉམ་དུ་འདུས་པའི་ནུས་མང་གི་ས་གནས་ཤིག་མཁོ་འདོན་བྱས་ཡོད།
ས་ཚིགས་ནང་གི་སྒྲིག་ཆས་ཆ་ཚང་བ་དང་། མེ་ཟོན་ཤེས་བྱའི་འགྲེམས་པང་གིས་གསོན་ཉམས་དོད་པོའི་སྒོ་ནས་མང་ཚོགས་ཚོར་མེ་ཟོན་ཤེས་བྱ་ཁྱབ་གདལ་བཏང་སྟེ་མང་ཚོགས་ཚོའི་མེ་ཟོན་བདེ་འཇགས་ཀྱི་འདུ་ཤེས་ཟབ་ཏུ་ཕྱིན་ཡོད། ས་ཚིགས་ནང་རིགས་མི་འདྲ་བའི་རྨང་གཞིའི་མེ་ཟོན་ཡོ་བྱད་གང་དགོས་ཚང་མ་འཛོམས་ཡོད་དེ། དཔེར་ན། སོལ་རླངས་ཀྱི་རང་འགུལ་ཉེན་བརྡའི་སྒྲིག་ཆས་དང་རང་ཚུགས་རྣམ་པའི་ཚོར་ཤེས་འཚོལ་ཞིབ་སྒྲིག་ཆས་སོགས་ཀྱིས་མེ་སྐྱོན་གྱི་ཉེན་ཁར་ཁ་གཏད་གཅོག་ཆེད་འགན་སྲུང་ནུས་ལྡན་མཁོ་འདོན་བྱས་ཡོད།