ལྷོ་རོང་རྫོང་གི་སྔོན་གཤེགས་དཔའ་བོའི་གཉེན་ཉེ་འཚོལ་བའི་ལས་དོན་ལ་འཕེལ་རིམ་གསར་པ་བྱུང་བ།
ལྷོ་རོང་རྫོང་གི་ལོ་རྒྱུས་རིང་མོའི་ནང་སྔོན་གཤེགས་དཔའ་བོ་173གྱིས་རྒྱལ་ཁབ་ཀྱི་ཞི་བདེ་བརྟན་ལྷིང་སྲུང་སྐྱོང་དང་། མི་རིགས་ཀྱི་རང་བཙན་བཅིངས་འགྲོལ་ཐོབ་ཐབས། མི་དམངས་ཀྱི་བདེ་སྐྱིད་སྲུང་སྐྱོང་བཅས་བྱ་ཆེད། ཁྲག་དྲོན་དང་དམག་འཁྲུག་གི་མེ་ལྕེ་མཉམ་འདྲེས་ཀྱི་ཉམ་ཐག་གི་འཐབ་རྩོད་ཁྲོད་དཔའ་ངར་ཆེན་པོས་ཞུགས་ནས་བོད་ཞི་བའི་འཕེལ་རྒྱས་དང་མི་དམངས་ཀྱི་བདེ་སྐྱིད་ཆེད་རང་སྲོག་བློས་བཏང་ཡོད། ཁོང་ཚོ་ནི་སི་ཁྲོན་དང་། ཁྲུང་ཆིང་། ཧོ་ནན། ཧྲའན་ཤིས། ཧྲན་ཏུང་། ཧུའུ་ནན། ཀན་སུའུ། ཧོ་པེ། ཧྲན་ཤིས། ཧུའུ་པེ་བཅས་ནས་ཡིན་པ་དང་། ད་ཆ་ཁོང་ཚོའི་སྐུ་རུས་ལྷོ་རོང་གི་ས་གཞིར་སྦས་ནས་ལོ་70ཕྱིན་ཡོད།
2024ལོར། ལྷོ་རོང་ལ་བཅིངས་འགྲོལ་བཏང་ནས་ལོ་74འཁོར་བར་དྲན་གསོ་དང་གསར་བརྗེའི་སྔོན་གཤེགས་དཔའ་བོའི་བྱས་རྗེས་རླབས་པོ་ཆེར་རྗེས་དྲན་ཞུས་ཏེ་སྐུ་རུས་ཡུན་རིང་ལྷོ་རོང་དུ་སྦས་པའི་སྔོན་གཤེགས་དཔའ་བོའི་གཉེན་ཉེ་འཚོལ་རོགས་བྱས་ནས་སྔོན་གཤེགས་དཔའ་བོའི་རྣམ་ཤེས་བདེ་བར་གནས་ཐུབ་ཆེད། 2024ལོའི་ཟླ་11ཚེས་12ནས་བཟུང་། ལྷོ་རོང་རྫོང་གིས“སྔོན་གཤེགས་དཔའ་བོའི་གཉེན་ཉེ་འཚོལ་བའི”བྱེད་སྒོ་རྒྱུན་མཐུད་སྤེལ་ཏེ། སྔོན་གཤེགས་དཔའ་བོ་རྣམས་སྔ་ཙམ་གཉེན་ཉེ་དང་ཡུལ་དུས་བརྒལ་ནས་མཉམ་འཛོམས་ཀྱིས་སྤྱི་ཚོགས་ཡོངས་སུ“སྔོན་གཤེགས་དཔའ་བོར་གོང་བཀུར་དང་། སྔོན་གཤེགས་དཔའ་བོར་རྗེས་དྲན། སྔོན་གཤེགས་དཔའ་བོར་སློབ་སྦྱོང་། སྔོན་གཤེགས་དཔའ་བོར་སྲུང་སྐྱོབ”བཅས་ཀྱི་རྣམ་པ་བཟང་པོ་ཞིག་རྒྱ་ཁྱབ་ཏུ་ཆགས་པར་བྱས་ཡོད། ད་ཐེངས་ཡོངས་བསྒྲགས་བྱས་པའི་སྔོན་གཤེགས་དཔའ་བོའི་བང་སོའི་སྐྱེད་ཚལ་གྱི་གཉེན་ཉེ་འཚོལ་བའི་བརྡ་ཁྱབ་བཏང་བའི་ནང་སྔོན་གཤེགས་དཔའ་བོ་120ཡོད་པ་རེད།
མིག་སྔར། ས་གནས་ས་ཐོག་ཏུ་མི་ཐེངས་200ལྷག་ཙམ་ལ་བརྟག་ཞིབ་བྱ་རྒྱུ་སྒྲིག་འཛུགས་དང་། གྲོང་ཚོ་གྲོང་ལྷན་50ལྷག་ཙམ་ལ་བཅར་འདྲི། གནས་ཚུལ་ཤེས་མཁན་དང་གཉེན་ཉེ་140ལྷག་ཙམ་ལ་བློ་འདྲི་བཅས་བྱས་ནས་འགག་རྩའི་ཆ་འཕྲིན་60ལྷག་ཙམ་བསྡུ་རུབ་བྱས་ཡོད། གཉེན་ཉེ་འཚོལ་བའི་བརྡ་ཁྱབ་ཡོངས་བསྒྲགས་བྱས་ནས་ད་བར་སྔོན་གཤེགས་དཔའ་བོ་95ཡི་གཉེན་ཉེ་རྙེད་པ་དང་། དེ་བྱིངས་ཀྱི་སྔོན་གཤེགས་དཔའ་བོ་25ཡི་གཉེན་ཉེ་འཚོལ་བའི་ལས་དོན་གོ་རིམ་ལྡན་པའི་ངང་སྒྲུབ་བཞིན་ཡོད་པ་རེད།