དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • ཉིང་ཁྲིས་མེ་ཟོན་བྱ་དགའི་སྲིད་ཇུས་བཏོན་ནས་གྲོང་མིར་ཁྲིམས་འགལ་བྱེད་སྤྱོད་ཐེར་འདོན་བྱ་རྒྱུའི་ལྕག་སྐུལ་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-01-14

    རྒྱ་ཆེའི་མང་ཚོགས་མེ་ཟོན་ལས་དོན་ནང་ཞུགས་པའི་ཧུར་སེམས་གང་ལེགས་འཕེལ་བར་བྱེད་པ་དང་། མེ་སྐྱོན་གྱི་མངོན་མེད་རྐྱེན་ངན་གྲལ་བཤེར་བཅོས་སྒྲིག་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་བ། མེ་སྐྱོན་གྱི་དོན་རྐྱེན་མ་ཐོན་སྔོན་འགོག་དང་བཀག་འགོག་ནུས་ལྡན་བཅས་བྱ་ཆེད། ཉིང་ཁྲི་གྲོང་ཁྱེར་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་གིས་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་གཞིར་བཟུང《ཉིང་ཁྲི་གྲོང་ཁྱེར་གྱི་མེ་ཟོན་བདེ་འཇགས་ཀྱི་ཁྲིམས་འགལ་བྱེད་སྤྱོད་ཐེར་འདོན་ཞུ་གཏུག་ལ་བྱ་དགའ་སྤྲོད་རྒྱུའི་གཏན་འབེབས》(གཤམ་དུ《གཏན་འབེབས》ཞེས་བསྡུ་རྒྱུ)དངོས་སུ་བཟོས་ནས་བཏོན་པ་དང་། དེའི་དམིགས་ཡུལ་ནི་ཐེར་འདོན་བྱས་ན་བྱ་དགའ་སྤྲོད་པའི་བྱ་ཐབས་བརྒྱུད། སྤྱི་དམངས་ལ་མེ་ཟོན་བདེ་འཇགས་ལྟ་སྐུལ་ནང་ཧུར་ཐག་ཞུགས་རྒྱུར་སྐུལ་མ་བཏང་ནས་ཐུན་མོང་ཐོག་བདེ་འཇགས་བརྟན་ལྷིང་གི་སྤྱི་ཚོགས་ཁོར་ཡུག་གཏོད་རྒྱུ་དེ་རེད།

    《གཏན་འབེབས》ནང་ཐེར་འདོན་དང་ཞུ་གཏུག་བདག་སྤྲོད་ཀྱི་ཁྱབ་ཁོངས་ཁ་གསལ་བཏོན་ཡོད་ཅིང་། དེའི་ནང་མེ་ཟོན་གྱི་ཁྲིམས་འགལ་བྱེད་སྤྱོད་སྣ་ཚོགས་དང་། མེ་ཟོན་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན། མེ་ཟོན་ཐོན་རྫས་ཀྱི་སྤུས་ཚད་གནད་དོན། མེ་གསོད་རོགས་སྐྱོབ་བྱ་སྤྱོད་ཁྲོད་ཀྱི་གནད་དོན་དང་དེ་བཞིན་མེ་ཟོན་རོགས་སྐྱོབ་སྒྲིག་གཞིའི་ལས་དོན་མི་སྣར་ལྟ་སྐུལ་བྱ་རྒྱུ་སོགས་ཚུད་ཡོད་པ་རེད། གྲོང་མིས་ཁ་པར་དང་ངོ་བཅར་སོགས་བྱ་ཐབས་སྣ་ཚོགས་བརྒྱུད་ས་གནས་དེ་གའི་མེ་ཟོན་རོགས་སྐྱོབ་སྒྲིག་གཞིར་ཐེར་འདོན་དང་ཞུ་གཏུག་བྱེད་ཆོག མེ་ཟོན་རོགས་སྐྱོབ་སྒྲིག་གཞིས་གྲོང་ཁྱེར་ཡོངས་ཀྱི་ཁྱབ་ཁོངས་སུ་ཆེད་མངགས་ཐེར་འདོན་དང་ཞུ་གཏུག་བདག་སྤྲོད་ལྟེ་གནས་འཛུགས་རྒྱུ་དང་འབྲེལ་ཆེད་མི་བཀོད་སྒྲིག་བྱས་ནས་ཆུ་ཚོད་24ཡི་རིང་ལས་རེས་བྱས་ཏེ་སྤྱི་དམངས་ཀྱི་ཐེར་འདོན་དང་ཞུ་གཏུག་གི་ཆ་འཕྲིན་དུས་ཐོག་དང་ནུས་ལྡན་ངང་ཐག་གཅོད་ཐུབ་པའི་འགན་ལེན་བྱ་རྒྱུ་ཡིན་པ་རེད།

    《གཏན་འབེབས》ལྟར་ན། མེ་ཟོན་རོགས་སྐྱོབ་ལས་ཁུངས་ཀྱིས་བརྟག་དཔྱད་བྱས་རྗེས་ཐེར་འདོན་དང་ཞུ་གཏུག་བདེན་པ་ཡིན་པ་མ་ཟད། ཁྲིམས་འགལ་བྱེད་སྤྱོད་དམ་ཡང་ན་མངོན་མེད་རྐྱེན་ངན་ཐེར་འདོན་མ་བྱས་གོང་ཤེས་རྟོགས་བྱུང་མེད་པ་དང་། ཁྲིམས་ལྟར་སྲིད་འཛིན་ཆད་གཅོད་བྱས་རིགས་ཡིན་ཕྱིན། ཐེར་འདོན་བྱེད་མཁན་ལ་དེ་མཚུངས་ཀྱི་དཔལ་འབྱོར་བྱ་དགའ་སྤྲོད་རྒྱུ་ཡིན་པ་རེད། བྱ་དགའ་སྤྲོད་པའི་ཚད་གཞི་དེ་ཉིང་ཁྲི་གྲོང་ཁྱེར་གྱི་གནས་ཚུལ་དངོས་དང་ཟུང་འབྲེལ་བྱས་ནས་རིམ་པ་གསུམ་དུ་དབྱེ་ཡོད་པ་སྟེ། མེ་སྐྱོན་གྱི་མངོན་མེད་རྐྱེན་ངན་ཆུང་གྲས་སམ་ཡང་ན་ཁྲིམས་འགལ་བྱེད་སྤྱོད་ཐེར་འདོན་དང་ཞུ་གཏུག་བྱས་པར་བྱ་དགའ་སྒོར་100སྤྲོད་རྒྱུ་དང་། སྤྱི་དམངས་འདུ་འཛོམས་བྱ་ཡུལ་དུ་མེ་ཟོན་བདེ་འཇགས་ཀྱི་ཁས་ལེན་མ་བསྒྲུབ་པའམ་ཡང་ན་ཞིབ་བཤེར་ཚད་གཞི་མ་ལོན་པ་དང་། རང་དགར་ཚོང་གཉེར་བྱེད་པ། དེ་བཞིན་མེ་ཟོན་ཐོན་རྫས་ཀྱི་གནད་དོན་ཡོད་པ་ཐེར་འདོན་ཞུ་གཏུག་བྱས་པར་བྱ་དགའ་སྒོར་200སྤྲོད་རྒྱུ། མེ་སྐྱོན་གྱི་མངོན་མེད་རྐྱེན་ངན་ཚབས་ཆེན་ཐེར་འདོན་དང་ཞུ་གཏུག་བྱས་པར་བྱ་དགའ་སྒོར་400སྤྲོད་རྒྱུ་བཅས་ཡིན་པ་རེད།

    ཐེར་འདོན་ཞུ་སྦྱོར་གྱི་ཐག་གཅོད་བརྒྱུད་རིམ་ཐད། 《གཏན་འབེབས》ནང་མེ་ཟོན་རོགས་སྐྱོབ་སྒྲིག་གཞིས་ཁ་འགྲེམས་བགྲོད་ལམ་བཟུང་སྤྱོད་དང་བཀག་པ་སོགས་ཀྱི་ཛ་དྲག་ཆེ་བའི་གནས་ཚུལ་ཐེར་འདོན་ཞུ་སྦྱོར་བྱས་པར། ཆུ་ཚོད་24ཡི་རིང་། གནས་ཚུལ་ལ་ཞིབ་བཤེར་བྱ་རྒྱུ་དང་། ཐེར་འདོན་ཞུ་སྦྱོར་གྱི་ནང་དོན་གཞན་རྣམས་ལས་ཀའི་ཉིན་3གྱི་ནང་ཚུན་ལ་ཞིབ་བཤེར་ཚར་བ་བྱ་རྒྱུ་མ་ཟད། ཞིབ་བཤེར་ཚར་རྗེས་ཀྱི་ལས་ཀའི་ཉིན་གསུམ་གྱི་ནང་ཚུན་ལ། ཁ་པར་རམ་འཕྲིན་ཡིག་དང་སྦྲག་བསྐུར་སོགས་ཀྱི་ལམ་ནས་ཐག་གཅོད་བྱས་འབྲས་ཐེར་འདོན་པར་གསལ་བརྡ་གཏོང་རྒྱུ། གལ་ཏེ་ཐད་ཀར་གསལ་བརྡ་གཏོང་མ་ཐུབ་ཚེ། འབྲེལ་ཡོད་དོ་དམ་མ་ལག་ཐོག་ཞིབ་ཕྲའི་ཐོ་འགོད་དང་གསལ་བཤད་བྱས་ནས་ཐེར་འདོན་ཞུ་སྦྱོར་གྱི་ཐག་གཅོད་བརྒྱུད་རིམ་ཡོངས་གྲགས་ཁ་གསལ་ཡོང་བའི་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།

    ཐེར་འདོན་པའི་ཁེ་དབང་ལ་འགན་སྲུང་བྱ་ཆེད《གཏན་འབེབས》ནང་ད་དུང་གསང་སྲུང་རྩ་དོན་ལ་ནན་བཤད་བྱས་ཏེ། ཐེར་འདོན་ཞུ་སྦྱོར་སྒྲུབ་གཉེར་ལས་མིར་ཐེར་འདོན་པའི་ཆ་འཕྲིན་དང་ཐེར་འདོན་ནང་དོན་ལ་གསང་སྲུང་ནན་པོ་བྱེད་དགོས་པའི་བླང་བྱ་ཡང་བཏོན་ཡོད་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།