དམངས་དོན་ཁྲིམས་གཞུང་ལས་དངོས་དབང་སྐོར་གྱི་དྲི་བ་དྲིས་ལན།
ཡིག་ཐོག་རྣམ་པའི་གན་རྒྱ་དང་གློག་རྡུལ་གན་རྒྱ་དེ་གཉིས་སོ་སོར་ག་དུས་གྲུབ་པ་ཡིན་ནམ།
དོན་ཚན་བཞི་བརྒྱ་དང་དགུ་བཅུ་པ། དོ་བདག་གིས་གན་རྒྱའི་ཡི་གེའི་ཐོག་ནས་གན་རྒྱ་འཇོག་ཚེ། དོ་བདག་ཚང་མས་མིང་རྟགས་བཀོད་པ་དང་ཐེལ་ཙེ་བརྒྱབ་པའམ་མཛུབ་ཐེལ་མནན་དུས་ནས་གན་རྒྱ་དེ་གྲུབ་པ་ཡིན། མིང་རྟགས་མ་བཀོད་པ་དང་ཐེལ་ཙེ་མ་བརྒྱབ་པའམ་མཛུབ་ཐེལ་མ་མནན་གོང་ལ་དོ་བདག་ཕྱོགས་གཅིག་གིས་འོས་འགན་གཙོ་བོ་བསྒྲུབས་ཟིན་པ་དང་། ཕྱོགས་གཅིག་ཤོས་ཀྱིས་དང་ལེན་བྱས་ཚེ། གན་རྒྱ་དེ་གྲུབ་པ་ཡིན། བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་གྱིས་གཏན་འབེབས་བྱས་པའམ་དོ་བདག་བར་ཡིག་ཐོག་རྣམ་པའི་གན་རྒྱ་འཇོག་པའི་གྲོས་དན་བཞག་ཡོད་པ་ལ། དོ་བདག་གིས་ཡིག་ཐོག་གི་རྣམ་པ་མ་སྤྱད་ཀྱང་ཕྱོགས་གཅིག་ཤོས་ཀྱིས་འོས་འགན་གཙོ་བོ་བསྒྲུབས་ཟིན་པ་དང་། ཕྱོགས་གཅིག་ཤོས་ཀྱིས་དང་ལེན་བྱས་པ་ཡིན་ན། གན་རྒྱ་གྲུབ་པ་ཡིན།
དོན་ཚན་བཞི་བརྒྱ་དང་གོ་གཅིག་པ། དོ་བདག་གིས་འཕྲིན་ཡིག་དང་། གཞི་གྲངས་གློག་ཡིག་སོགས་ཀྱི་རྣམ་པའི་ཐོག་ནས་གན་རྒྱ་འཇོག་པའི་ཚེ་ངེས་གཟུང་ཡི་གེ་འཇོག་པའི་རེ་བ་བཏོན་པ་ཡིན་ན། ངེས་བཟུང་ཡི་གེ་འཇོག་དུས་གན་རྒྱ་གྲུབ་པ་ཡིན། དོ་བདག་ཕྱོགས་གཅིག་གིས་མཉམ་སྦྲེལ་དྲ་བ་སོགས་ཆ་འཕྲིན་དྲ་བའི་ཐོག་ནས་ཁྱབ་བསྒྲགས་བྱས་པའི་ཚོང་ཟོག་གམ་ཞབས་ཞུའི་ཆ་འཕྲིན་དག་ཆིངས་འགོའི་ཆ་རྐྱེན་དང་མཐུན་ཚེ། ཕ་རོལ་པོས་ཚོང་ཟོག་གམ་ཞབས་ཞུ་གང་ཞིག་བདམས་པ་དང་སྦྲགས་མངགས་ཐོ་གྲུབ་ན་གན་རྒྱ་གྲུབ་པ་ཡིན། ཡིན་ན་ཡང་དོ་བདག་བར་དུ་ལོགས་སུ་གྲོས་དན་བཞག་ཡོད་པ་འདིའི་ཁོངས་སུ་མི་ཚུད།
ཁྲིམས་ལུགས་འཆད་སྟེགས།
《གན་རྒྱའི་བཅའ་ཁྲིམས》དང་བསྡུར་ཚེ། མཛུབ་ཐེལ་བརྒྱབ་ནས་ཐོབ་པའི་མིང་རྟགས་དང་། ཐེལ་ཙེ་ཡང་དེ་དང་འདྲ་བའི་ཁྲིམས་ལུགས་ཕན་འབྲས་ཡོད་ཅིང་། འདི་ནི《དམངས་དོན་ཁྲིམས་གཞུང》གིས《<ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་གན་རྒྱའི་བཅའ་ཁྲིམས>ཀྱི་གནད་དོན་འགའ་ཞིག་ལ་སྤྱོད་གོ་ཆོད་པའི་སྐོར་གྱི་ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་འགྲེལ་བཤད(གཉིས)》དོན་ཚན་ལྔ་པའི་ནང་དོན་དང་ལེན་བྱས་པ་ཞིག་ཡིན་པ་དང་། ཁྲིམས་ལུགས་ལག་ལེན་གྱི་དགོས་མཁོ་དང་མཐུན་ཡོད། 《དམངས་དོན་ཁྲིམས་གཞུང》གི་དོན་ཚན་བཞི་བརྒྱ་དང་གོ་གཅིག་པའི་ནང་གསེས་དོན་ཚན་གཉིས་པ་ནི་གསར་བསྣན་གཏན་འབེབས་ཡིན་ཞིང་། མཉམ་སྦྲེལ་དྲ་བ་ཉིན་རེ་བཞིན་འཕེལ་རྒྱས་འགྲོ་བཞིན་ཡོད་པ་དང་། སྤྱི་དམངས་ཀྱིས་མཉམ་སྦྲེལ་དྲ་བ་བརྒྱུད་དེ་ཉོ་ཚོང་བྱེད་པ་ཡང་ཡོངས་ཁྱབ་ཏུ་གནས་པའི་དོན་དངོས་ཤིག་ཡིན་ཞིང་། ཁྲིམས་གསར་གྱིས་གློག་རྡུལ་གན་རྒྱ་གྲུབ་པའི་དུས་ཚོད་ལ་ཁ་གསལ་གཏན་འབེབས་བྱས་ཡོད་པ་དང་། མཉམ་སྦྲེལ་དྲ་བའི་ཉོ་ཚོང་རྩོད་གཞིའི་ཁྲིམས་ལུགས་གཞི་འཛིན་ས་གོམ་གང་མདུན་སྤོས་ཀྱིས་འཐུས་སྒོ་ཚང་དུ་བཏང་ཡོད།