དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • རང་སྐྱོང་ལྗོངས་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ཏེ།

    2024ལོའི་ལྗོངས་ཡོངས་ཀྱི་ཁྲིམས་ཁང་གི་ལག་བསྟར་འགག་སྒྲོལ་ཕན་འབྲས་ངོ་སྤྲོད་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-01-06

    ཉེ་ཆར་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས། ལྗོངས་ཡོངས་ཀྱི་ཁྲིམས་ཁང་གི་ལག་བསྟར་འགག་སྒྲོལ་ཕན་འབྲས་ཀྱི་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་བྱས་པ་རེད།

    རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་ཏང་ཙུའི་ཁོངས་མི་དང་ཡོན་ཀྲང་གཞོན་པ་བུ་ཆུང་བཀྲ་ཤིས་ཀྱིས་བརྗོད་དོན། 2024ལོར་ལྗོངས་ཡོངས་ཀྱི་ཁྲིམས་ཁང་གིས་རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་ཏང་ཙུའི“སྤྱི་ཡོངས་ལ་དམིགས་ཏེ་དོན་ཚན་བརྒྱད་མཐོར་འདེགས་མངོན་འགྱུར་ཡོང་བའི”སྤྱི་ཡོངས་ཀྱི་ལས་ཀའི་བསམ་ཕྱོགས་ལ་དམ་པོར་དམིགས་པ་དང“ལག་བསྟར་ཁག་པའི་གནད་དོན་ཐག་གཅོད་ཏན་ཏིག་བྱེད་པའི”ལས་ཀའི་དམིགས་ཚད་ལ་དམ་འཛིན་བྱས་པས་ལས་དོན་ཁག་ལ་འཕེལ་རྒྱས་གསར་པ་བྱུང་ཡོད།

    མཐུན་སྦྱོར་མཉམ་འགུལ་ལ་ཤུགས་བརྒྱབ་སྟེ་ཕྱོགས་བསྡུས་བཅོས་སྐྱོང་གི“ཕྱོགས་སྟོན་དབྱུ་གུ”ཡག་པོ་སྤྱད་ཅིང་། ཉེ་བའི་ལོ་ཤས་རིང་། ལྗོངས་ཡོངས་ཀྱི་ཁྲིམས་ཁང་གིས་ཕྱོགས་བསྡུས་བཅོས་སྐྱོང་གི་ལག་བསྟར་ཁག་པའི་ལས་དོན་སྐོར་གྱི་ལྗོངས་ཏང་ཨུད་དང་། ཆེས་མཐོའི་མི་དམངས་ཁྲིམས་ཁང་། ལྗོངས་ཏང་ཨུད་སྲིད་ཁྲིམས་ཨུ་ལྷན་བཅས་ཀྱི་བཀོད་སྒྲིག་དང་ལས་འགན་གྱི་བླང་བྱ་དང་། དེ་བཞིན་2024ལོའི་ཟླ་4པར་འཚོགས་པའི་ལྗོངས་ཡོངས་ཀྱི་ཕྱོགས་བསྡུས་བཅོས་སྐྱོང་གི་ལག་བསྟར་ཁག་པའི་ལས་དོན་མཐུན་སྦྱོར་ཚོགས་ཆུང་གི་མཉམ་བཞུགས་ཚོགས་འདུའི་འབྲེལ་ཡོད་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་པོ་བྱས་ཏེ། སྤྱི་བདེ་དང་། སྡོད་ཁང་འཛུགས་སྐྲུན། མི་སྤྱི། ཁྲོམ་ར་ལྟ་འདོམས་སོགས་སྡེ་ཚན་དང་མཉམ་དུ་ཡིད་རྟོན་ཤོར་བའི་ལག་བསྟར་བྱ་ཡུལ་གྱི་མིར་ལྟ་སྡོམ་དང་། འཁོར་རིགས་ལ་ཞིབ་བཤེར་ཚོད་འཛིན། སྡོད་ཁང་སྤྱི་གསོག་མ་དངུལ་ལག་བསྟར། ཞིང་པ་ལས་མིའི་ཁེ་དབང་འགན་སྲུང་། བཟོ་ཚོང་གི་ཐོ་འགོད་ཆ་འཕྲིན་རྩད་འདྲི་སོགས་དང་འབྲེལ་བ་ཡོད་པའི་མཉམ་འགུལ་ལམ་སྲོལ་བཙུགས་པ་མ་ཟད། ད་དུང“ལག་བསྟར་མཉམ་འགུལ་གཞུང་ལས་ཁང”བཙུགས་པས་ལྗོངས་ཡོངས་ཀྱི་ཕྱོགས་བསྡུས་བཅོས་སྐྱོང་གི་ལག་བསྟར་ཁག་པའི་ལས་ཀའི་རྣམ་པ་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་ཕྱིན་ཡོད། རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་མཉམ་འགུལ་ལམ་སྲོལ་གྱི་བླང་བྱ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་ལྗོངས་ཡོངས་ཀྱི་ཕྱོགས་བསྡུས་བཅོས་སྐྱོང་གི་ལག་བསྟར་ཁག་པའི་ལས་དོན་གཏིང་ཟབ་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་ཡོད། 2024ལོའི་ཟླ་12ཚེས་25ཉིན་བར། ལྗོངས་ཡོངས་ཀྱི་ཁྲིམས་ཁང་གིས་སྤྱི་བདེ་ལས་ཁུངས་བརྒྱུད་ཡིད་རྟོན་ཤོར་བའི་ལག་བསྟར་བྱ་ཡུལ་གྱི་མི་ཐེངས་3000ལྷག་ཙམ་ལ་ལྟ་སྡོམ་བྱས་པ་དང་། འཁོར་རིགས་ཐེངས་1000ལྷག་ཙམ་ལ་རྩད་འདྲི་དང་ཞིབ་བཤེར་བཀག་ཉར་བྱས་པ། སྤྱི་གསོག་མ་དངུལ་ལག་བསྟར་དང་འབྲེལ་བ་ཡོད་པའི་གྱོད་གཞི་860ལྷག་ཙམ་བསྒྲུབས་ཏེ་སྒོར་ཁྲི་960ལྷག་ཙམ་བསྡམས་བཅད་བྱས་ནས་འཐེན་པ། ཞིང་པ་ལས་མིའི་ཁེ་དབང་འགན་སྲུང་དང་འབྲེལ་བ་ཡོད་པའི་གྱོད་གཞི་1900ལྷག་ཙམ་ཁྲིམས་ལྟར་བསྒྲུབས་ནས། སྒོར་ཁྲི་3100ལྷག་ཙམ་ལག་བསྟར་བྱས་པས་ཕྱོགས་བསྡུས་བཅོས་སྐྱོང་གི་ལག་བསྟར་ཁག་པའི་ལས་དོན་ལ་དགེ་མཚན་ལྡན་པའི་ཕན་འབྲས་ཐོན་ཡོད།

    ལམ་ལུགས་དང་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་ལག་བསྟར་ཚད་ལྡན་ཅན་གྱི་ཆུ་ཚད“གློག་སྒོ་ཨ་མའི”འགག་སྒོ་ཡག་པོ་བསྲུངས་ཤིང་། ཉེ་བའི་ལོ་ཤས་རིང་། རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གིས“གཅིག་གྱུར་བཀོད་འདོམས་དང་། གཅིག་གྱུར་མཐུན་སྦྱོར། གཅིག་གྱུར་བཀོད་གཏོང”བཅས་ཀྱི་དོ་དམ་ཟབ་ཏུ་གཏོང་བ་ནས་འགོ་བཙུགས་ཏེ་ལག་བསྟར་ལས་དོན་ཚད་ལྡན་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་རྒྱུར་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་ཡོད། 《ལག་བསྟར་ལས་དོན་གྱི“གཅིག་གྱུར་གསུམ”གྱི་དོ་དམ་སྔར་བས་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》སོགས་ལམ་ལུགས་དང་ལམ་སྲོལ་བཟོས་ནས་བཏོན་ཏེ་ཁྲིམས་ཁང་གི་ལག་བསྟར་ལས་དོན་ཧྲིལ་པོའི་ལས་ཕྱོད་ཆེ་རུ་བཏང་བ་དང་། སི་ཁྲོན་མཐོ་རིམ་མི་དམངས་ཁྲིམས་ཁང་དང་འབྲེལ་ཡོད་ལག་བསྟར་གྱི་མཉམ་ལས་གྲོས་མཐུན་བཞག་ནས། ས་ཁོངས་ལས་བརྒལ་བའི་ལག་བསྟར་གྱི་གྱོད་སྒྲུབ་མཉམ་ལས་ལ་སྐུལ་འདེད་བཏང་བ་རེད། 2024ལོ་ཚུན་དུ་ས་ཁུལ་དང་གྲོང་ཁྱེར་ཁག་གིས་ཁོངས་གཏོགས་ཁུལ་གྱི་ལག་བསྟར་སྟོབས་ཤུགས་ལ་སྤྱི་འདོམས་བྱས་ཏེ“ལག་བསྟར་གྱི་སྤུ་གྲི་འཕྱར་བ”སོགས་ཡུལ་གཞན་དུ་ལག་བསྟར་བྱེད་པའི་ཆེད་དོན་བྱ་སྤྱོད་སྤེལ་བ་དང་། ལྗོངས་ཕྱིར་ལག་བསྟར་གྱོད་གཞི་596གཅིག་སྡུད་དུ་ཐག་བཅད་དེ་དམིགས་རྟེན་སྒོར་དུང་ཕྱུར་1.38ལག་བསྟར་བྱས་པ་དང་། ཁྲེང་ཏུའུ་ཡི་ས་ཁོངས་ལས་བརྒལ་བའི་གྱོད་དོན་སྐོར་ཞིབ་མཐུན་སྦྱོར་ཁྲུའུ་ཡི་ལག་བསྟར་ཚོགས་པས་འགན་ནུས་གང་ལེགས་བཏོན་ཏེ། ལྗོངས་ཡོངས་ཀྱི་ས་ཁོངས་ལས་བརྒལ་བའི་ལག་བསྟར་དོན་ཚན་ཁག་664མངགས་བཅོལ་བྱས་པ་གཅིག་སྡུད་དུ་ཐག་བཅད་ནས་དགེ་མཚན་ལྡན་པའི་གྲུབ་འབྲས་ཐོབ་ཡོད་པ་རེད།

    དམིགས་ཚད་དང་ལས་འགན་ལ་དམ་པོར་གཞིགས་ནས་ལག་བསྟར་ལས་དོན་གྱི་སྤུས་ཕན་ཆེ་རུ་གཏོང་བའི“འགག་སྒྲོལ་དམག་འཐབ”ཡག་པོ་བརྒྱབ་ཅིང་། ཉེ་བའི་ལོ་ཤས་རིང་། ལྗོངས་ཡོངས་ཀྱི་ཁྲིམས་ཁང་གིས“ལག་བསྟར་ཁག་པའི་གནད་དོན་ཐག་གཅོད་ཏན་ཏིག་བྱེད་པའི”དམིགས་ཚད་ལས་འགན་ལ་དམ་པོར་དམིགས་ནས་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་ལག་བསྟར་གྱི་གྱོད་སྒྲུབ་གཏིང་ཟབ་ཏུ་བཏང་ཡོད། 2024ལོའི་ཟླ་12ཚེས་25ཉིན་བར། ལྗོངས་ཡོངས་ཀྱི་ཁྲིམས་ཁང་གིས་གྱོད་གཞི་31189ལག་བསྟར་མཇུག་འགྲིལ་བ་དང་ཁྲིམས་བཀོད་ཀྱི་འདྲི་གཅོད་དུས་བཀག་ནང་ལག་བསྟར་མཇུག་འགྲིལ་ཚད་99.49%ཟིན་ཏེ་དངུལ་གྲངས་སྒོར་དུང་ཕྱུར་39.3ལག་བསྟར་བྱས་ཡོད་པ་རེད། 2024ལོར་ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་བཟོ་བཅོས་བརྒྱབ་པའི་དམིགས་ཚད་མ་ལག་ནང་ལག་བསྟར་ཚར་ཚད་སོགས་ལག་བསྟར་ལས་དོན་དང་འབྲེལ་བ་ཡོད་པའི་དམིགས་ཚད་ཁག་གསུམ་ཚང་མ་ལུགས་མཐུན་ཁྱབ་ཁོངས་ཀྱི་གྲངས་ཐང་ལས་ལྷག་པ་ཡོད་པ་རེད། ལག་བསྟར་གྱི་གྱོད་གཞི་སྒྲུབ་སྐབས་སེམས་བཟང་དང་ཡ་རབས་ལྡན་པའི་ལག་བསྟར་གྱི་འདུ་ཤེས་ལ་སྣང་ཆེན་བྱས་ནས་ལག་བསྟར་བྱེད་ཐབས་སྟབས་བསྟུན་ངང་སྤྱད་དེ། ཡིད་རྟོན་སླར་གསོའི་ལམ་སྲོལ་དོན་འཁྱོལ་ལ་སྐུལ་འདེད་ཧུར་ཐག་བཏང་བ་དང་། ཡིད་རྟོན་ཤོར་བའི་མིང་ཐོ་མི་ཐེངས་3564བཀག་བཅད་བྱས་པ། འཛད་སྤྱོད་མཐོ་པོར་ཚོད་འཛིན་བྱས་པའི་མི་ཐེངས་3987ལ་ཚོད་འཛིན་མེད་པར་བཟོས་པ། ཡིད་རྟོན་སླར་གསོའི་དཔང་ཡིག་58བཅས་སྤྲད་པ་རེད། དུས་མཚུངས་བཙན་ཤེད་ལག་བསྟར་བྱེད་ཐབས་སྤྱོད་ཤུགས་ཆེ་རུ་བཏང་ནས་2024ལོའི་ཟླ་12ཚེས་25ཉིན་བར་ལྗོངས་ཡོངས་ཀྱི་ཁྲིམས་ཁང་གིས་ལག་བསྟར་དང་ལེན་མི་བྱེད་པའི་ཉེས་གསོག་གྱོད་གཞི་6ལ་ཁྲིམས་ཐག་བཅད་པ་དང་། ཡིད་རྟོན་ཤོར་བའི་ལག་བསྟར་བྱ་ཡུལ་གྱི་མི་ཐེངས་6091གི་མིང་ཐོ་ཁྱབ་བསྒྲགས་བྱས་པ། མི་ཐེངས་9577ལ་འཛད་སྤྱོད་མཐོ་བའི་ཚོད་འཛིན་བཟོས་པ། མི་ཐེངས་233ལ་ཁྲིམས་འཛིན་བཀག་ཉར་བཅས་བྱས་ཏེ་ཡིད་རྟོན་ཤོར་བའི་ལག་བསྟར་བྱ་ཡུལ་ཟིལ་གྱིས་བསྣན་ཡོད། གཤམ་འོག་ལ་ལྟ་འདོམས་བྱེད་པའི་ཐད་འབྲེལ་ཡོད་ཁྱབ་ཁོངས་ཀྱི་གཙོ་གནད་ལས་དོན་སོགས་ལ་དམིགས་ནས་གཤམ་འོག་ལ་ལྟ་སྐུལ་དང་ལྟ་སྐུལ་སྒྲུབ་གཉེར་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་སྟེ་ལྗོངས་ཡོངས་ཀྱི་ཁྲིམས་ཁང་གི་ལག་བསྟར་ལས་དོན་ཐད“གོང་འོག་མཉམ་འགུལ་དང་སྤྱི་འདོམས་སྐུལ་འདེད”ཀྱི་འགན་ལེན་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།