སྒར་རྫོང་མེ་ཟོན་རོགས་སྐྱོབ་རུ་ཆེན་གྱིས་གློག་སྒུལ་སྦག་སྦག་གི་འཁོར་སྦྲེལ་ཧྲིལ་པོར་བཅོས་སྒྲིག་རབ་དང་རིམ་པ་བྱས་པ།
འདི་ནི་སྒར་རྫོང་མེ་ཟོན་རོགས་སྐྱོབ་རུ་ཆེན་གྱིས་གློག་སྒུལ་སྦག་སྦག་གི་འཁོར་སྦྲེལ་ཧྲིལ་པོར་བཅོས་སྒྲིག་བྱེད་པའི་བྱེད་སྒོ་སྤེལ་བཞིན་པ།
གློག་སྒུལ་སྦག་སྦག་གི་མེ་སྐྱོན་ལས་འཛོལ་ཐོན་རྒྱུ་ནུས་ལྡན་ངང་སྔོན་འགོག་དང་ཉུང་དུ་བཏང་ནས། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་འགན་ལེན་བྱ་ཆེད། ཉིན་ཤས་བསྟུད་མར་སྒར་རྫོང་མེ་ཟོན་རོགས་སྐྱོབ་རུ་ཆེན་གྱིས་གློག་སྒུལ་སྦག་སྦག་གི་འཁོར་སྦྲེལ་ཧྲིལ་པོར་བཅོས་སྒྲིག་བྱེད་པའི་བྱེད་སྒོ་རབ་དང་རིམ་པ་ཧུར་ཐག་སྤེལ་བ་རེད།
སྒར་རྫོང་མེ་ཟོན་རོགས་སྐྱོབ་རུ་ཆེན་གྱིས་ཁྲོམ་ར་ལྟ་འདོམས་དང་སྤྱི་བདེ་སོགས་སྡེ་ཚན་དང་མཉམ་དུ་གློག་སྒུལ་སྦག་སྦག་གི་ཐོན་སྐྱེད་ཁེ་ལས་དང་ཚོང་ཁང་ལ་ཞིབ་བཤེར་བྱས་པ་རེད། ཐོན་རྫས་ཀྱི་སྤུས་ཚད་རྒྱལ་ཁབ་ཀྱི་ཚད་གཞི་དང་མཐུན་མིན་དང་ཁྲིམས་འགལ་ངང་བཟོ་བཅོས་བརྒྱབ་པ་སོགས་ཀྱི་གནད་དོན་ལ་གཙོ་གནད་ཐོག་ཞིབ་བཤེར་བྱས་པ་དང་ཆབས་ཅིག ཞིབ་བཤེར་པས་ད་དུང་ཁུལ་ཆུང་དང་། ཁྲོམ་ར། ཚོང་ལས་ཕྱོགས་བསྡུས་ཁང་སོགས་སུ་བསྐྱོད་དེ་གློག་སྒུལ་སྦག་སྦག་འཇོག་སྟངས་དང་གློག་གསོག་སྟངས་ལ་ཞིབ་བཤེར་བྱས་པ་དང་། སྒྲིག་འགལ་ངང་སྦག་སྦག་གང་སར་འཇོག་པ་དང་གློག་གསོག་པའི་བྱེད་སྤྱོད་ལ་ཁ་ཏ་བསླབ་བྱ་དང་བཅོས་སྒྲིག་བྱས་པ། བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ཚབས་ཆེན་ཡོད་པའི་ཁུལ་དུ་ཁྲིམས་ལྟར་ཆད་པ་བཅད་པ་རེད།
སྒར་རྫོང་མེ་ཟོན་རོགས་སྐྱོབ་རུ་ཆེན་གྱི་འབྲེལ་ཡོད་འགན་འཁུར་བས་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་བརྒྱུད། གློག་སྒུལ་སྦག་སྦག་གི་མེ་ཟོན་བདེ་འཇགས་ཐད་ཀྱི་སྤྱི་དམངས་ཀྱི་ངོས་འཛིན་ཆེ་རུ་ནུས་ལྡན་ཕྱིན་པ་མ་ཟད། གློག་སྒུལ་སྦག་སྦག་གི་ཐོན་སྐྱེད་དང་། བྲིན་ཚོང་། བེད་སྤྱོད་བཅས་ལྷུ་ཚིགས་ཀྱི་དོ་དམ་ཚད་ལྡན་དུ་ཕྱིན་ཡོད་ཅེས་བཤད་པ་རེད།