སྟེང་ཆེན་རྫོང་གིས་ཁྲིམས་འགལ་ངང་བཀག་སྡོམ་གྲི་ཆས་འཁྱེར་བའི་མི་གསུམ་སྲིད་འཛིན་བཀག་ཉར་བྱས་པ།
ཉེ་ཆར། ཆབ་མདོ་གྲོང་ཁྱེར་སྟེང་ཆེན་རྫོང་སྤྱི་བདེ་ཅུས་སྟེང་ཆེན་གྲོང་རྡལ་མངགས་གཏོང་ཁང་གིས་ཁྲིམས་འགལ་ངང་བཀག་སྡོམ་གྲི་ཆས་འཁྱེར་བའི་གྱོད་གཞི་གཅིག་ཞིབ་བཤེར་ཐག་གཅོད་བྱས་ཏེ་བཀག་སྡོམ་གྲི་ཆས་གསུམ་གཞུང་བཞེས་བཏང་བ་དང་མི་གསུམ་ཁྲིམས་ལྟར་སྲིད་འཛིན་བཀག་ཉར་བྱས་པ་རེད།
ཟླ་10ཚེས་24ཉིན་གྱི་ཐོ་རེངས་སུ། སྟེང་ཆེན་གྲོང་རྡལ་མངགས་གཏོང་ཁང་ལ“རྒྱལ་མོ་ཐང་དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་ཀྱི་ཉེན་ཟོན་སྐོར་ཞིབ་མི་དམངས་ཉེན་རྟོག་པས། ཁོངས་གཏོགས་ཁུལ་དུ་རྒྱུན་གཏན་གྱི་ཞིབ་བཤེར་བྱེད་སྐབས་གསོལ་མགྲོན་ཁང་ཞིག་གི་ཁང་པའི་ནང་འཇམ་ཆེ་གེ་མོ་དང་། བསྟན་ཆེ་གེ་མོ། ངག་ཆེ་གེ་མོ་གསུམ་ལ་གྲི་ཡོད་པ་ཤེས་རྟོགས་བྱུང་འདུག་པས། ཁྱེད་ཚོས་ཉེན་རྟོག་པ་མངགས་ནས་ཐག་གཅོད་བྱེད་རོགས”ཞེས་པའི་ཉེན་བརྡའི་ཁ་པར་འབྱོར། ཉེན་བརྡ་འབྱོར་རྗེས། སྟེང་ཆེན་གྲོང་རྡལ་མངགས་གཏོང་ཁང་གིས་འཕྲལ་དུ་ཉེན་རྟོག་པ་སྒྲིག་འཛུགས་བྱས་ཏེ་ས་ཡུལ་དངོས་སུ་གནས་ཚུལ་ཤེས་རྟོགས་བྱེད་པར་བསྐྱོད་པ་དང་། མི་དམངས་ཉེན་རྟོག་པས་མི་གསུམ་པོ་དེ་ཚོད་འཛིན་བྱས་པ་དང་ཆབས་ཅིག ཁྲིམས་ལྟར་མངགས་གཏོང་ཁང་དུ་བརྟག་དཔྱད་དང་ལེན་བྱེད་པར་འབོད། སྤྱི་བདེ་ལས་ཁུངས་ཀྱིས་གསལ་འབྱེད་བྱས་པ་བརྒྱུད། འཇམ་ཆེ་གེ་མོ་སོགས་མི་གསུམ་པོས་ཁྱེར་བའི་གྲི་ནི་བཀག་སྡོམ་གྲི་ཆས་ཡིན་པ་དང་། ཁོ་ཚོའི་བྱེད་སྤྱོད་ཀྱིས་ཁྲིམས་འགལ་ངང་བཀག་སྡོམ་གྲི་ཆས་ཁྱེར་བའི་བྱས་ཉེས་བསགས་ཡོད་པ་རེད།
《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བདེ་འཇགས་དོ་དམ་ཆད་གཅོད་བཅའ་ཁྲིམས》ཀྱི་དོན་ཚན་སོ་གཉིས་པའི་ནང་གཏན་འབེབས་བྱས་པ་གཞིར་བཟུང་། འཇམ་ཆེ་གེ་མོ་དང་། བསྟན་ཆེ་གེ་མོ། ངག་ཆེ་གེ་མོ་གསུམ་ལ་ཁྲིམས་ལྟར་ཉིན་བཅུའི་སྲིད་འཛིན་བཀག་ཉར་གྱི་ཆད་པ་བཅད་པ་དང་ཆབས་ཅིག བཀག་སྡོམ་གྲི་ཆས་གསུམ་གཞུང་བཞེས་བཏང་བ་རེད།