དིང་རི་རྫོང་ཁྲིམས་ཁང་གིས་ཉེན་ཆེའི་འཁོར་གཏོང་གྱོད་གཞི་ཞིག་གི་བཅད་ཁྲ་ཁྱབ་བསྒྲགས་བྱས་པ།
ཉེ་ཆར། དིང་རི་རྫོང་མི་དམངས་ཁྲིམས་ཁང་གིས་ཁྲིམས་ལྟར་འདྲི་ཞིབ་བྱས་པ་མ་ཟད། ཁྲིམས་རར་ཉེན་ཆེའི་འཁོར་གཏོང་གྱོད་གཞི་ཞིག་གི་བཅད་ཁྲ་ཁྱབ་བསྒྲགས་བྱས་ཏེ་ར་བཟི་འཁོར་གཏོང་བྱེད་མཁན་ཡན་ཆེ་གེ་མོས་ཉེན་ཆེའི་འཁོར་གཏོང་གི་ཉེས་པ་བསགས་པས་བཙན་ཉར་ལས་སྐུལ་ཟླ་བ་གཉིས་བྱས་པ་མ་ཟད། དངུལ་ཆད་སྒོར་3000ཡང་བཏང་བ་དང་། ད་དུང་རླངས་འཁོར་གཅིག་པའི་ལིའུ་ཆེ་གེ་མོར་ཡང་ཉེན་ཆེའི་འཁོར་གཏོང་གི་ཉེས་པ་བསགས་པས་བཙན་ཉར་ལས་སྐུལ་ཟླ་བ་གཉིས་བྱས་པ་དང་ཆབས་ཅིག དངུལ་ཆད་སྒོར་3000བཏང་བ་རེད།
2024ལོའི་ཟླ་6ཚེས་26ཉིན་གྱི་ཆུ་ཚོད་19ཙམ་ལ། ཞུ་སྦྱོར་ཕྱི་མ་ཡན་ཆེ་གེ་མོ་དང་ལིའུ་ཆེ་གེ་མོས་དིང་རི་རྫོང་རྒྱ་མཚོ་ཤང་ནས་མཉམ་དུ་ཆང་བཏུངས་བརྒྱབ་རྗེས་ཞུ་སྦྱོར་ཕྱི་མ་ཡན་ཆེ་གེ་མོས་འཕྲུལ་སྒུལ་འཁོར་རིགས་བཏང་ནས་ཞུ་སྦྱོར་ཕྱི་མ་ལིའུ་ཆེ་གེ་མོ་དང་མཉམ་དུ་དིང་རི་རྫོང་གྲོང་དུ་སྐྱོད་པའི་ལམ་བར་དུ་ལས་སྒྲུབ་འགྲིམ་འགྲུལ་ཉེན་རྟོག་པས་རྩད་ཆོད། དཔྱད་སྡོམ་བྱས་པ་བརྒྱུད། ཞུ་སྦྱོར་ཕྱི་མ་ཡན་ཆེ་གེ་མོའི་ཁྲག་ནང་གི་ཨ་རག་ཉིང་ཁུ་འདུས་ཚད་206.17mg/100mlཟིན་པ་དང་། ཞུ་སྦྱོར་ཕྱི་མ་ལིའུ་ཆེ་གེ་མོས་ཞུ་སྦྱོར་ཕྱི་མ་ཡན་ཆེ་གེ་མོས་ཆང་རག་བཏུངས་པ་ཤེས་བཞིན་དུ་རང་ཉིད་ཀྱི་རླངས་འཁོར་ཞུ་སྦྱོར་ཕྱི་མ་ཡན་ཆེ་གེ་མོར་གཏོང་དུ་བཅུག་ཡོད་པ་རེད།
གྱོད་གཞི་དེ་སྒྲུབ་འགན་འཁུར་མཁན་ཁྲིམས་དཔོན་གྱིས་ངོ་སྤྲོད་བྱས་པར། གྱོད་གཞི་དེའི་ནང་ཞུ་སྦྱོར་ཕྱི་མ་ལིའུ་ཆེ་གེ་མོས་ཆང་རག་བཏུངས་རྗེས་འཕྲུལ་སྒུལ་འཁོར་རིགས་བཏང་མེད་ནའང་ཁོ་པས་ཞུ་སྦྱོར་ཕྱི་མ་ཡན་ཆེ་གེ་མོས་ཆང་རག་མང་པོ་བཏུངས་པ་ཤེས་བཞིན་དུ་རང་ཉིད་ཀྱི་རླངས་འཁོར་ཞུ་སྦྱོར་ཕྱི་མར་གཏོང་དུ་བཅུག་པ་དེའི་བྱེད་སྤྱོད་ཉེན་ཆེའི་འཁོར་གཏོང་ཉེས་པའི་ནང་གི་མཉམ་དུ་ཉེས་པ་བསགས་པར་གཏོགས་པས། དེའི་ཉེས་དོན་འགན་འཁྲི་ངེས་པར་དུ་བདའ་འདེད་གཏོང་དགོས་ངེས་རེད། དེར་བརྟེན་གྱོད་གཞི་དེའི་ཉེས་གསོག་དོན་དངོས་དང་། ངོ་བོ། གནས་ཚུལ་བཅས་ལ་གཞིགས་ནས་ཁྲིམས་ཁང་གིས་གོང་གསལ་གྱི་ཁྲིམས་ཐག་བཅད་པ་རེད།