ལྷ་ས་གྲོང་ཁྱེར་གྱིས་རྒྱལ་ཡོངས་ཀྱི་ས་རྒྱུ་ཡོངས་བཤེར་ཐེངས་གསུམ་པའི་འབྲེལ་ཡོད་ལས་སྒོའི་རྫོང་རིམ་པའི་ཞིབ་བཤེར་རྩིས་ལེན་སྔོན་ལ་བྱེད་འགོ་ཚུགས་པ།
ཉེ་ཆར་ལྷ་ས་གྲོང་ཁྱེར་ས་རྒྱུ་ཡོངས་བཤེར་གཞུང་ལས་ཁང་གིས་རྒྱལ་ཡོངས་ཀྱི་ས་རྒྱུ་ཡོངས་བཤེར་ཐེངས་གསུམ་པའི་འབྲེལ་ཡོད་ལས་སྒོ་ཞིབ་བཤེར་རྩིས་ལེན་གྱི་སྤེལ་རེས་གསོ་སྦྱོང་ཚོགས་འདུ་འཚོགས་ཤིང་། དེ་ཐོག་ནས་ལྷ་ས་གྲོང་ཁྱེར་གྱིས་རྒྱལ་ཡོངས་ཀྱི་ས་རྒྱུ་ཡོངས་བཤེར་ཐེངས་གསུམ་པའི་འབྲེལ་ཡོད་ལས་སྒོའི་རྫོང་རིམ་པའི་ཞིབ་བཤེར་རྩིས་ལེན་སྔོན་ལ་བྱེད་འགོ་ཚུགས་པ་མཚོན་གྱི་ཡོད་པ་རེད།
གསོ་སྦྱོང་ལ་སྟོད་ལུང་བདེ་ཆེན་ཆུས་ཀྱི་འབྲེལ་ཡོད་ལས་སྒོའི་རྫོང་རིམ་པའི་སྔོན་གྲབས་ཞིབ་བཤེར་རྩིས་ལེན་ལས་དོན་དང་ཟུང་འབྲེལ་གང་ལེགས་བྱས་ཏེ། འབྲེལ་ཡོད་ཞིབ་བཤེར་རྩིས་ལེན་ལས་དོན་གྱི་བླང་བྱར་དམིགས་ནས་ལས་སྒོ་ཞིབ་བཤེར་རྩིས་ལེན་སྒྲིག་འཛུགས་དང་། དཔྱད་ཡིག་གྲ་སྒྲིག གྲངས་གཞིར་ཞིབ་དཔྱད། གནད་དོན་དག་ཐེར་སོགས་ཀྱི་ལྷུ་ཚིགས་ལ་གསོ་སྦྱོང་བྱས་པ་མ་ཟད། རང་ལྗོངས་ཀྱི་ཡོངས་བཤེར་ལག་རྩལ་གྱི་རིགས་གཅིག་མཁས་ཅན་མཛུབ་ཁྲིད་ལ་གདན་དྲངས་ཏེ་ཞིབ་བཤེར་རྩིས་ལེན་ལས་དོན་སྤེལ་རིང་ཤེས་རྟོགས་བྱུང་བའི་གནད་དོན་སྣ་ཚོགས་ལ་གསལ་བཤད་ཀྱང་བརྒྱབ་པ་རེད།
ལྷ་ས་གྲོང་ཁྱེར་ས་རྒྱུ་ཡོངས་བཤེར་གཞུང་ལས་ཁང་གི་འབྲེལ་ཡོད་འགན་འཁུར་བས། གོམ་སྟབས་རྗེས་མར་འགན་འཁྲི་འཁུར་ཤུགས་ཆེ་རུ་གཏོང་བ་དང་། སྔོན་ལ་ལག་བསྟར་དང་ཚོད་ལྟ་བྱེད་པར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ། གྲོང་ཁྱེར་ཡོངས་ཀྱི་ཡོངས་བཤེར་གྱི་འབྲེལ་ཡོད་ལས་སྒོའི་ཞིབ་བཤེར་རྩིས་ལེན་གྱི་ལྷུ་ཚིགས་ལ་གཙོ་གནད་ཐོག་དམ་འཛིན་ཡག་པོ་བཅས་བྱས་ནས་ས་རྒྱུ་ཡོངས་བཤེར་གྱི་གྲུབ་འབྲས་རྩོམ་སྒྲིག་གི་ལས་དོན་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་ནུས་ལྡན་གཏོང་གི་ཡིན་ཞེས་བཤད།