རྒྱལ་ཁབ་བསྡོམས་རྩིས་ཅུས་ནག་ཆུ་བརྟག་དཔྱད་རུ་ཁག་གིས་གསར་དུ་བཟོ་བཅོས་བརྒྱབ་པའི《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བསྡོམས་རྩིས་བཅའ་ཁྲིམས》སྒྲོག་འགྲེལ་གྱི་བྱེད་སྒོ་སྤེལ་བ།
གསར་དུ་བཟོ་བཅོས་བརྒྱབ་པའི《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བསྡོམས་རྩིས་བཅའ་ཁྲིམས》སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱས་ཏེ་ནག་ཆུ་གྲོང་ཁྱེར་གྱི་གཞི་རིམ་བསྡོམས་རྩིས་པའི་བཅའ་ཁྲིམས་ཀྱི་བྱང་ཚད་དང་ལས་སྒོའི་འཇོན་ཐང་ཆེ་རུ་གཏོང་ཆེད། ཉིན་ཤས་གོང་། རྒྱལ་ཁབ་བསྡོམས་རྩིས་ཅུས་ནག་ཆུ་བརྟག་དཔྱད་རུ་ཁག་གིས་གསར་དུ་བཟོ་བཅོས་བརྒྱབ་པའི《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བསྡོམས་རྩིས་བཅའ་ཁྲིམས》སྒྲོག་འགྲེལ་གྱི་བྱེད་སྒོ་སྤེལ་ཞིང་། ནག་ཆུ་གྲོང་ཁྱེར་གྱི་རྫོང(ཆུས)11གི་གཞི་རིམ་བསྡོམས་རྩིས་པ་50ལྷག་ཙམ་ཞུགས་པ་རེད།
ད་ཐེངས་ཀྱི་སྒྲོག་འགྲེལ་བྱེད་སྒོས་གསར་དུ་བཟོ་བཅོས་བརྒྱབ་པའི《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བསྡོམས་རྩིས་བཅའ་ཁྲིམས》ཀྱི་གཞི་རྩའི་སྒྲོམ་གཞི་དང་གཏན་འབེབས་གཙོ་བོ་དང་། སྲིད་གཞུང་གི་བསྡོམས་རྩིས་སྒྲིག་གཞི་དང་བསྡོམས་རྩིས་པའི་ཁྲིམས་འཁོད་འགན་འཁྲི། བསྡོམས་རྩིས་བཅའ་ཁྲིམས་ཀྱི་མཐའ་ཚདབཅས་ཕྱོགས་4ལ་དམིགས་ནས་གསར་དུ་བཟོ་བཅོས་བརྒྱབ་པའི《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བསྡོམས་རྩིས་བཅའ་ཁྲིམས》ལ་བརྒྱུད་རིམ་ལྡན་པའི་ངང་འཆད་འགྲེལ་གཏིང་ཟབ་བྱས་པ་རེད།
དེའི་ནང་ཞུགས་མཁན་ཚང་མས། སྒྲོག་འགྲེལ་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱས་པས་ནང་དོན་ཁུངས་སྐྱེལ་ལུང་འདྲེན་དང་གོ་བདེ་དོན་ཟབ་འདུག ད་ཐེངས་ཀྱི་སྒྲོག་འགྲེལ་ཉན་པ་བརྒྱུད། གསར་དུ་བཟོ་བཅོས་བརྒྱབ་པའི《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བསྡོམས་རྩིས་བཅའ་ཁྲིམས》ལ་སྔར་བས་གཏིང་ཟབ་དང་ཁྱོན་ཡོངས་ནས་རྒྱུས་མངའ་ལོན་སོང་། མུ་མཐུད་ཆབ་སྲིད་ཀྱི་ཚུགས་གནས་སྔར་བས་མཐོ་རུ་དང་བསམ་བློའི་ངོས་འཛིན་གཅིག་གྱུར་དང་། བསྡོམས་རྩིས་བཅའ་ཁྲིམས་དང་ཁྲིམས་སྲོལ་རང་རྟོགས་ངང་བརྩི་སྲུང་། བསྡོམས་རྩིས་གྲངས་གཞིའི་དོན་དངོས་རང་བཞིན་དང་གནད་འཁེལ་རང་བཞིན་འགན་ལེན་བཅས་བྱས་ཏེ། འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཆེན་པོའི་ཐོག་ནས་བསྡོམས་རྩིས་བརྟག་དཔྱད་ལས་དོན་ཡག་པོ་སྒྲུབ་ཀྱི་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད་པ་རེད།