ཉེན་ཁའི་དུས་སུ་མི་དམངས་ཉེན་རྟོག་པས་རང་སྲོག་ལྕེབས་མཁན་གྱི་ཕྲུ་གུ་ཞིག་བསྐྱབས་པ།
ཉེ་ཆར། ཆབ་མདོ་གྲོང་ཁྱེར་སྤྱི་བདེ་ཅུས་དམིགས་བསལ་ཉེན་རྟོག་ཉིང་ལག་རུ་ཁག་གི་མི་དམངས་ཉེན་རྟོག་པ་གཉིས་ཀྱིས་རང་སྲོག་ལྕེབས་་མཁན་གྱི་ཕྲུ་གུ་ཞིག་བསྐྱབས་པ་རེད།
ཉིན་དེའི་ཕྱི་དྲོར། ཆབ་མདོ་གྲོང་ཁུལ་དུ་གངས་སིམ་སིམ་བབས་ཤིང་། ཆབ་མདོ་གྲོང་ཁྱེར་སྤྱི་བདེ་ཅུས་དམིགས་བསལ་ཉེན་རྟོག་ཉིང་ལག་རུ་ཁག་གི་མི་དམངས་ཉེན་རྟོག་པ་དཀོན་མཆོག་བསམ་གཏན་དང་རྡོ་རྗེ་ཚེ་བརྟན་གཉིས་རྒྱུན་གཏན་བཞིན་སྟག་རྩྭ་ཐང་ཁུལ་དུ་སྐོར་ཞིབ་བྱེད་སྐབས། མི་ཞིག་ཆུར་ལྷུངས་བའི་སྣང་བ་བྱུང་ཡང་རྒྱང་ཐག་རིང་བའི་རྐྱེན་གྱིས་གསལ་པོ་མཐོང་མེད། ཁོང་གཉིས་ཀྱིས་ལམ་སེང་ལག་ཐོགས་ཁ་པར་གྱི་པར་ཆས་ནས་བལྟས་པས་མི་ཞིག་ཆུར་ལྷུངས་ཡོད་པ་མཐོང་སྟེ། དེ་མ་ཐག་སྲོག་སྐྱོབ་པར་ཕྱིན། འཁྲིས་ལ་སླེབས་མ་ཐག་ཁོང་གཉིས་ཀྱིས་ལམ་སེང་སྟོད་ཐུང་ཕུད་ནས་ཆུར་མཆོངས་ཏེ་ཕྲུ་གུ་དེ་སྐྱོབ་པར་ཕྱིན། ཁོང་གཉིས་ཀྱིས་ནུས་ཤུགས་ཡོད་རྒུས་ཕྲུ་གུ་དེ་ཆུ་ཁར་འཐེན་ཞིང་། ཁོར་ཡུག་གཙང་སྦྲ་བས་ཧ་རུབ་སྦ་རུབ་ཀྱིས་རོགས་རམ་བྱས་པས། མཐར་ཕྲུ་གུ་དེ་བསྐྱབས་ཐུབ།
དེ་རྗེས། མི་དམངས་ཉེན་རྟོག་པ་གཉིས་ཀྱིས་ཕྲུ་གུ་དེ་དུས་ཐོག་ཏུ་ཆབ་མདོ་གྲོང་ཁྱེར་མི་དམངས་སྨན་ཁང་དུ་བསྐྱལ་ནས་བརྟག་དཔྱད་བྱས་པ་བརྒྱུད། གཟུགས་པོར་སྐྱོན་ཆེན་པོ་བྱུང་མེད་པ་རེད། ཟླ་11ཚེས་25ཉིན། ཕྲུ་གུ་དེའི་ནང་མིས་ཆེད་མངགས་དམིགས་བསལ་ཉེན་རྟོག་ཉིང་ལག་རུ་ཁག་ཏུ་ཡོང་ནས། རོགས་རམ་བྱེད་མཁན་མི་དམངས་ཉེན་རྟོག་པར་གོས་དར་ཕུལ་ཏེ་ཐུགས་རྗེ་ལེགས་འབུལ་ཞུས་པ་རེད།
ཤེས་རྟོགས་བྱས་པ་ལྟར་ན། ཕྲུ་གུ་དེ་དང་ནང་མིའི་དབར་འགལ་བ་ཐོན་ནས་ཁོང་ཁྲོ་ལངས་པའི་དབང་གིས་རང་སྲོག་ལྕེབ་རྒྱུའི་བསམ་ངན་ཞིག་འཁོར། མི་དམངས་ཉེན་རྟོག་པས་ཕྲུ་གུ་དེ་དང་དེའི་ནང་མིར་ངང་རྒྱུད་རིང་པོས་སློབ་གསོ་བརྒྱབ་པ་བརྒྱུད། ཕྲུ་གུ་དེས་སླད་ཕྱིན་ངེས་པར་དུ་ཚེ་སྲོག་ལ་གཅེས་སྤྲས་བྱས་ནས་འཚོ་བ་ཡག་པོ་སྐྱེལ་གྱི་ཡིན་ཞེས་བཤད།