དམངས་ཡོངས་ལ་བཅའ་ཁྲིམས་ཁྱབ་གདལ་བཏང་། ཁྲིམས་སྐྱོང་གི་རྨང་གཞི་བརྟན་དུ་ཕྱིན།
ལྷོ་ཁ་གྲོང་ཁྱེར་གྱིས་སྤྱི་དམངས་ཀྱི་བཅའ་ཁྲིམས་ཀྱི་འདུ་ཤེས་དང་ཁྲིམས་སྐྱོང་གི་བྱང་ཚད་རྒྱུན་མཐུད་མཐོ་རུ་བཏང་བ།
འདི་ལོ་ཚུན་དུ། ལྷོ་ཁ་གྲོང་ཁྱེར་གྱི་རིམ་ཁག་སྡེ་ཚན་ཁག་གིས་ལྟེ་བའི་ལས་དོན་ལ་དམ་པོར་དམིགས་ནས“སུས་ཁྲིམས་སྒྱུར་བྱས་ན་དེས་བཅའ་ཁྲིམས་ཁྱབ་གདལ་གཏོང་བའི”བཅའ་ཁྲིམས་ཁྱབ་གདལ་གྱི་འགན་འཁྲིའི་ལམ་ལུགས་ཀྱི་བླང་བྱ་དང་ལེན་ཧུར་ཐག་ཞུས་པ་དང་ཁྲིམས་སྐྱོང་དྲིལ་བསྒྲགས་ཀྱི་བྱེད་སྒོ་ཏན་ཏིག་སྤེལ་བས། གྲོང་ཁྱེར་ཡོངས་ཀྱི་སྤྱི་དམངས་ཀྱི་བཅའ་ཁྲིམས་འདུ་ཤེས་དང་ཁྲིམས་སྐྱོང་བྱང་ཚད་རྒྱུན་མཐུད་མཐོ་རུ་ཕྱིན་པ་དང“ལོ་ལྔ་ཚན་བརྒྱད་པའི”བཅའ་ཁྲིམས་ཁྱབ་གདལ་འཆར་འགོད་ཕྱོགས་ཡོངས་ནས་ལག་བསྟར་ནུས་ལྡན་བྱས་ཏེ། ལྷོ་ཁ་གྲོང་ཁྱེར་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཁྲིམས་སྐྱོང་གི་ཁོར་ཡུག་བཟང་པོ་བཏོད་པ་དང་། ཁྲིམས་སྐྱོང་ལྷོ་ཁ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་ཆེད་རྨང་གཞི་བརྟན་པོ་བཏིང་ཡོད་པ་རེད།
གོང་འོག་གཞི་གཅིག་མཐའ་འཁྱོངས་བྱས་ནས། བཅའ་ཁྲིམས་ཁྱབ་གདལ་གྱི་མཉམ་ཤུགས་གཅིག་ཏུ་བསྒྲིལ་བ།
གྲོང་ཁྱེར་རིམ་ངོས་ནས་སྤྱི་འདོམས་དམ་འཛིན་བྱས་ཏེ་བཅའ་ཁྲིམས་ཁྱབ་གདལ་དང་ཁྲིམས་བཞིན་བཅོས་སྐྱོང་བྱེད་པའི་ལས་དོན་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས་ཤིང་། ལྷོ་ཁ་གྲོང་ཁྱེར་གྱིས་ཁྲིམས་སྲུང་དང་བཅའ་ཁྲིམས་ཁྱབ་གདལ་གྱི་མཐུན་སྦྱོར་ཚོགས་ཆུང་བཙུགས་ཏེ་ལོ་ལྟར་དུས་བཀག་བཞིན་འབྲེལ་གཏུག་ཚོགས་འདུ་དང་འགན་སྒྲུབ་གསལ་ཞུ་དང་དཔྱད་མོལ་ཚོགས་འདུ་འཚོགས་པ་དང་། ལྷོ་ཁ་གྲོང་ཁྱེར་བཅའ་ཁྲིམས་ཁྱབ་གདལ་གཞུང་དོན་ཁང་གིས“སུས་ཁྲིམས་སྒྱུར་བྱས་ན་དེས་བཅའ་ཁྲིམས་ཁྱབ་གདལ་གཏོང་བའི”བཅའ་ཁྲིམས་ཁྱབ་གདལ་གྱི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ་སྒྲིག་གཞི་སྒྱུར་བཅོས་བྱས་མ་ཐག་ལྷོ་ཁ་གྲོང་ཁྱེར་གྱི་ཚན་པ་61གི་2024ལོའི“སུས་ཁྲིམས་སྒྱུར་བྱས་ན་དེས་ཁྲིམས་ལུགས་ཁྱབ་གདལ་གཏོང་བའི”བཅའ་ཁྲིམས་ཁྱབ་གདལ་གྱི་འགན་འཁྲིའི་གསལ་ཐོ་བཟོས་ནས་ཁྲིམས་འཛུགས་དང་། ཁྲིམས་འཛིན། ཁྲིམས་སྒྱུར། དོ་དམ་བཅས་ཀྱི་བརྒྱུད་རིམ་ཁྲོད་བཅའ་ཁྲིམས་ཁྱབ་གདལ་གྱི་དྲིལ་བསྒྲཌ་ལས་དོན་མཉམ་དུ་སྤེལ་ཐུབ་པའི་འགན་ལེན་བྱས་པ་རེད།
རྫོང(ཆུས་དང་གྲོང་ཁྱེར)ཁག་གིས་ཡུལ་བབ་དང་བསྟུན་ནས“ལོ་ལྔ་ཚན་བརྒྱད་པའི”བཅའ་ཁྲིམས་ཁྱབ་གདལ་ལག་བསྟར་ནུས་ལྡན་བྱེད་པར་སྐུལ་འདེད་ཏན་ཏིག་བཏང་ཞིང་། མཚོ་སྣ་གྲོང་ཁྱེར་གྱིས“གཅིག་སྡུད་བཞི་དང་མཐོར་གཏོང་བཞིར”དམ་པོར་དམིགས་ཏེ་མཐའ་མཚམས་ཀྱི་དམངས་ཡོངས་ཀྱི་ཁྲིམས་སྲུང་ལ་རོགས་སྐྱོར་བྱས་པ་དང་། ཆུ་གསུམ་རྫོང་གིས“ཟླ་རེར་བརྗོད་དོན་རེའི”བཅའ་ཁྲིམས་ཁྱབ་གདལ་གྱི་བྱེད་སྒོ་སྤེལ་ནས་མིག་སྔའི་བར་བརྗོད་དོན་གཙོ་བོ་ཁག་9བཏོན་པ་དང་། དྲིལ་བསྒྲགས་བྱེད་སྒོ་ཐེངས་90སྤེལ་བ། མི་ཐེངས་5900ལྷག་ཙམ་ལ་སློབ་གསོ་ཐེབས་ཡོད། ཟངས་རི་རྫོང་གི་ས་གནས་དེ་གའི་ཁྱད་ཆོས་ལྡན་པ་དང་རྫོང་དེའི་དོན་དངོས་དང་མཐུན་པའི“བཅའ་ཁྲིམས་ཁེ་ལས་སུ་ཁྱབ་གདལ་གཏོང་བའི”བཅའ་ཁྲིམས་ཁྱབ་གདལ་གྱི་ལས་ཀའི་མ་ལག་ཅིག་ཆགས་པར་བྱས་པ། ལྷོ་བྲག་རྫོང་གིས་ཁོངས་གཏོགས་ཁུལ་སྲས་ཤང་གི་དོན་དངོས་དང་ཟུང་འབྲེལ་དང་ས་གནས་དེ་གའི་མི་སེར་གྱི་ཁྲིམས་སྐྱོང་དགོས་མཁོ་དང་ཟུང་འབྲེལ་བྱས་ཏེ་སྲས་ཤང་དུ་གྲོང་ཚོ་རིམ་པའི་ཁྲིམས་སྐྱོང་རིག་གནས་ཁྲོམ་གཞུང་བཙུགས་པ། མཚོ་སྨད་རྫོང་གིས“གཞོན་ནུའི་མཚན་མོའི་སློབ་གྲྭའི”བྱེད་སྒོ་དང་ཟུང་འབྲེལ་བྱས་ཏེ“དམངས་དོན་ཁྲིམས་གཞུང་གི་མཚན་མོའི་སློབ་གྲྭ”གཉེར་ནས་ཆེད་ལས་ཁྲིམས་རྩོད་པ་གདན་དྲངས་ཏེ་གཞོན་ནུ་ཏང་ཡོན་ལས་བྱེད་པར་དམངས་དོན་ཁྲིམས་གཞུང་སློབ་སྦྱོང་གི་ཟུར་ཁྲིད་བྱེད་སྒོ་ཐེངས་6སྤེལ་བ་རེད།
གཙོ་གནད་ཚོགས་སྤྱིར་དམིགས་ནས། བཅའ་ཁྲིམས་ཁྱབ་གདལ་སློབ་གསོ་གཏིང་ཟབ་སྤེལ་བ།
འགོ་ཁྲིད་ལས་བྱེད་པའི“འགག་རྩའི་ཉུང་ཤས”ལ་དམ་འཛིན་བྱས་ཏེ“ལས་ཁུངས(ཚན་པ)སུ་བཅའ་ཁྲིམས་ཁྱབ་གདལ་གཏོང་རྒྱུ”གཞི་རྟེན་དུ་བྱས་ནས་འགོ་ཁྲིད་ལས་བྱེད་པའི“དྲ་ཐོག་དང་དྲ་ཕྱི་ཟུང་འབྲེལ”གྱི་བཅའ་ཁྲིམས་སློབ་སྦྱོང་བྱེད་སྟངས་ཕྱོགས་ཡོངས་ནས་ཁྱབ་གདལ་བཏང་སྟེ། བཅའ་ཁྲིམས་ཁྱབ་གདལ་དང་བཅའ་ཁྲིམས་སྲུང་སྐྱོང་བྱ་རྒྱུ་དེ་འགོ་ཁྲིད་ལས་བྱེད་པ་མི་རེ་ངོ་རེའི་རང་རྟོགས་ཀྱི་བྱ་སྤྱོད་དང་དགོས་ངེས་ཀྱི་བྱང་ཚད་དུ་འགྱུར་བར་བྱས་ཡོད། འདི་ལོ་ཚུན་དུ། ལྷོ་ཁ་གྲོང་ཁྱེར་གྱི་རིམ་ཁག་སྡེ་ཚན་ཁག་གིས་ཁོངས་གཏོགས་ཁུལ་དུ་བཅའ་ཁྲིམས་སློབ་སྦྱོང་དང་ཁྱབ་གདལ་གྱི་བྱེད་སྒོ་སྤེལ་བ་དང་ལྷོ་ཁ་གྲོང་ཁྱེར་བཅའ་ཁྲིམས་ཁྱབ་གདལ་གཞུང་དོན་ཁང་གིས་རྫོང་དང་ཁྲུའུ་རིམ་པའི་འགོ་ཁྲིད་ལས་བྱེད་པར་དམིགས་ནས་ཤེས་དགོས་ངེས་ཀྱི་ལག་དེབ་1300ལྷག་ཙམ་སྤྲད་པ་རེད།
“བཅའ་ཁྲིམས་དགོན་སྡེར་ཁྱབ་གདལ་གཏོང་རྒྱུ”གཞི་རྟེན་དུ་བྱས་ཏེ་རྒྱ་ཆེའི་གྲྭ་བཙུན་རྣམས་ལ“ཆེད་དོན་ཁྲིམས་སྐྱོང་འཆད་ཁྲིད”དང་། “བཅའ་ཁྲིམས་ཤེས་བྱའི་ཚོད་ལྟ” “དགོན་སྡེར་བཅའ་ཁྲིམས་ཞབས་ཞུ”སོགས་ཀྱི་བྱེད་སྒོ་སྤེལ་ཡོད། རྒྱ་ཆེའི་དགོན་སྡེའི་གྲྭ་བཙུན་རྣམས་ལ“འདུ་ཤེས་གསུམ”བརྟན་པོར་བཙུགས་ནས་ཁྲིམས་ལྟར་ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་དགོས་པའི་སློབ་གསོ་ཁྲིད་སྟོན་བྱས་པ་རེད།
“བཅའ་ཁྲིམས་སློབ་གྲྭར་ཁྱབ་གདལ་གཏོང་རྒྱུ”གཞི་རྟེན་དུ་བྱས་ནས་བཅའ་ཁྲིམས་ཁྱབ་གདལ་སྒྲོག་འགྲེལ་ཚོགས་པ་དང་ཁྲིམས་སྐྱོང་སློབ་སྤྱི་གཞོན་པ་སོགས་ཆེད་ལས་དཔུང་ཁག་གདན་དྲངས་ཏེ་ཁྲིམས་སྐྱོང་གི་བརྗོད་དོན་གཙོ་བོའི་འཛིན་ཚོགས་དང་ཁྲིམས་སྐྱོང་སློབ་ཚན་དང་པོ་འཚོགས་པ་སོགས་ཀྱི་བྱེད་སྒོ་སྤེལ་བ་དང་ཆབས་ཅིག“གཞོན་ནུ་ལོ་ཆུང་གི་ཁྲིམས་སྐྱོང་སློབ་གསོའི་རྟེན་གཞི”དང“གཞོན་ནུ་ལོ་ཆུང་གི་ལད་མོའི་ཁྲིམས་ར” ན་སོ་དར་ལ་མ་བབས་པའི་མིའི་སྲུང་སྐྱོང་ལས་དོན་ཁང་། ན་སོ་དར་ལ་མ་བབས་པའི་མིའི“གཅིག་འཐུས་རྣམ་པའི”གྱོད་སྒྲུབ་རོགས་སྐྱོབ་ལྟེ་གནས། གཞོན་ནུ་ལོ་ཆུང་གི་སེམས་ཁམས་སློབ་གསོ་ཁང་སོགས་ཁྲིམས་སྐྱོང་རིག་གནས་ཀྱི་འཐབ་ས་སྤྱད་དེ་བཅའ་ཁྲིམས་ཁྱབ་གདལ་གྱི་འབྲེལ་ཡོད་བྱེད་སྒོ་སྤེལ་བ་རེད།
“བཅའ་ཁྲིམས་གྲོང་གསེབ(སྡེ་ཁུལ)ཏུ་ཁྱབ་གདལ་གཏོང་རྒྱུ”དང“གཤམ་སྤེལ་གསུམ”སོགས་ཀྱི་བྱེད་སྒོ་གཞི་རྟེན་དུ་བྱས་ནས་གྲོང་ཚོའི“ཨུ་ལྷན་གཉིས”དང་། “གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག” གྲོང་ཚོ་དང་གྲོང་ལྷན་གྱི་བཅའ་ཁྲིམས་བློ་འདྲི་བ། གྲོང་གསེབ་ཀྱི“བཅའ་ཁྲིམས་གསལ་ཤེས་མཁན”སོགས་ཀྱི་དཔུང་ཁག་གི་ནུས་པ་གང་ལེགས་བཏོན་ཏེ། རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ལ་ཁྲིམས་ལྟར་བྱ་བ་སྒྲུབ་པ་དང་། དོན་དག་ཐག་གཅོད་བྱེད་སྐབས་ཁྲིམས་སྤྱོད་པ། འགལ་བ་སེལ་སྐབས་ཁྲིམས་ལ་བརྟེན་པ་བཅས་བྱེད་དགོས་པའི་སློབ་གསོ་ཁྲིད་སྟོན་བྱས་པ་རེད།
དམིགས་བསལ་དང་སྒེར་ལ་དམིགས་ནས། བཅའ་ཁྲིམས་ཁྱབ་གདལ་གནད་སྨིན་བཏང་བ།
ཕྱོགས་མིར་བཅའ་ཁྲིམས་ཁྱབ་གདལ་གཏོང་རྒྱུར་དམ་འཛིན་ཡག་པོ་བྱས་ཤིང་། ཕྱོགས་མི་འགྲོ་འོང་བྱེད་མང་བ་དང་། སྡོད་གནས་ཁ་ཐོར་ཡིན་པ། དོ་དམ་བྱེད་དཀའ་བ་བཅས་ཀྱི་ཁྱད་ཆོས་ལ་གཞིགས་ནས་དམིགས་སའི་རང་བཞིན་ལྡན་པ་དང་ཕྱོགས་ཡོངས་ལ་ཁྱབ་པའི་ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོ་སྤེལ་ཏེ། ཕྱོགས་མིའི་ཁྲིམས་སྦྱོང་དང་ཁྲིམས་སྤྱོད་ཀྱི་རང་རྟོགས་རང་བཞིན་དང་ཁྲིམས་ལྟར་རང་ཉིད་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་པའི་ནུས་པ་ཆེ་རུ་གཏོང་རྒྱུར་ཁྲིད་སྟོན་བྱས་ཏེ་སྤྱི་ཚོགས་བདེ་འཇགས་དང་བརྟན་ལྷིང་སྲུང་སྐྱོང་བྱེད་པར་རྨང་གཞི་བརྟན་པོ་བཏིང་བ་རེད།
རིག་གནས་ཆུ་ཚད་དམའ་བའི་མི་སྣར་བཅའ་ཁྲིམས་ཁྱབ་གདལ་གཏོང་རྒྱུ་དམ་འཛིན་ཡག་པོ་བྱས་ཤིང་། “བཅའ་ཁྲིམས་གྲོང་གསེབ(སྡེ་ཁུལ)ཏུ་ཁྱབ་གདལ་གཏོང་རྒྱུའི”བྱེད་སྒོ་སྤེལ་བར་བརྟེན་ནས་རྒྱུན་གཏན་གྱི་བཅར་འདྲི་དང་། དྲ་མིག་སྐོར་ཞིབ། དུད་ཚང་དུ་སྒྲོག་འགྲེལ་སོགས་ཀྱི་བྱེད་ཐབས་བརྒྱུད་ཁོངས་གཏོགས་ཁུལ་གྱི་རིག་གནས་ཆུ་ཚད་དམའ་བའི་མི་ཚོགས་ལ་བཅའ་ཁྲིམས་ཁྱབ་གདལ་གཏོང་བ་དང་དྲིལ་བསྒྲགས་དུས་ཐོག་ཏུ་བྱས་ཏེ་ཁོང་ཚོར་ཁྲིམས་བཀུར་ཁྲིམས་སྲུང་གི་སྒྲིག་ལམ་གྱི་འདུ་ཤེས་དང་བྱ་སྤྱོད་ཀྱི་རང་འགུལ་འཇགས་རྒྱུར་སློབ་གསོ་ཁྲིད་སྟོན་བྱས་པ་རེད།
མི་སྣ་གཙོ་བོར་བཅའ་ཁྲིམས་ཁྱབ་གདལ་གཏོང་རྒྱུར་དམ་འཛིན་ཡག་པོ་བྱས་ཤིང་། སྡེ་ཁུལ་གྱི་ཡོ་བསྲང་བྱ་ཡུལ་སོགས་དམིགས་བསལ་མི་སྣའི་ཁྱད་ཆོས་ལ་དམིགས་པ་དང་གྲོང་ཚོའི“ཨུ་ལྷན་གཉིས”དང་། གྲོང་སྡོད་ལས་དོན་རུ་ཁག གྲོང་ཚོའི“བཅའ་ཁྲིམས་གསལ་ཤེས་མཁན”ཁྲིམས་འཛིན་ལས་རོགས་མི་སྣ་སོགས་གཞི་རིམ་གྱི་སྟོབས་ཤུགས་ལ་བརྟེན་པ་དང་འབྲེལ་བཅར་འདྲི་དང་རོགས་རམ་སློབ་གསོའི་བྱེད་སྒོ་དང་ཟུང་འབྲེལ་གྱིས་གྱོད་དཔེ་དྲངས་ནས་བཅའ་ཁྲིམས་འགྲེལ་བཤད་དང་ཉེན་ཟོན་སློབ་གསོ་སོགས་དམིགས་སའི་རང་བཞིན་ལྡན་པའི་བཅའ་ཁྲིམས་དང་ཁྲིམས་སྲོལ་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་སྤེལ་བས། ཁྲིམས་འགལ་ཉེས་གསོག་གི་མཇུག་འབྲས་ལ་ངོས་འཛིན་གཏིང་ཟབ་ཐུབ་པ་དང་ཁྲིམས་སྐྱོང་གི་འདུ་ཤེས་དང་རང་ངོས་གཅུན་འདོམས་ཀྱི་འཇོན་ཐང་་ཆེ་རུ་ཕྱིན་པ་རེད།
ལས་སྟེགས་དང་གཞི་རྟེན་གསར་གཏོད་བྱས་ནས། བཅའ་ཁྲིམས་ཁྱབ་གདལ་གྱི་ཕན་འབྲས་ཆེ་རུ་བཏང་བ།
སྨྱན་སྦྱོར་གསར་པའི་བཅའ་ཁྲིམས་ཁྱབ་གདལ་ལས་སྟེགས་བསྐྲུན་ཞིང་། ཁྲིམས་སྒྱུར་སྡེ་ཚན་ཁག་གིས་སྐད་འཕྲིན་སྤྱི་རྟགས་དང་ཁྱུག་དབྱིངས་སོགས་སྨྱན་སྦྱོར་གསར་པའི་ལས་སྟེགས་གང་ལེགས་སྤྱད་དེ་བཅའ་ཁྲིམས་ཀྱི་ཤེས་བྱ་དང་། གྱོད་དཔེ་གསལ་འགྲེལ། ཁྲིམས་སྒྱུར་འགུལ་རྣམ་སོགས་ཀྱི་ནང་དོན་ཁྱབ་བསྒྲགས་བྱས་ནས་བཅའ་ཁྲིམས་ཁྱབ་གདལ་གྱི་ཁྱབ་ཁྱོན་ཆེ་རུ་བཏང་བ་རེད། བཅའ་ཁྲིམས་ཁྱབ་གདལ་གྱི་བརྙན་ཐུང་དང་འགུལ་བརྙན་སོགས་བཟོས་ཏེ་གསོན་ཉམས་དོད་པའི་རྣམ་པའི་ཐོག་ནས་བཅའ་ཁྲིམས་ཤེས་བྱ་བརྒྱུད་སྤེལ་གྱིས་བཅའ་ཁྲིམས་ཁྱབ་གདལ་གྱི་སྤྲོ་སྣང་རང་བཞིན་དང་ཡིད་དབང་འཕྲོག་ཤུགས་ཆེ་རུ་བཏང་བ་རེད།
ཁྲིམས་སྐྱོང་གི་རིག་གནས་གཡུལ་ས་འཛུགས་སྐྱོང་བྱས་ཤིང་། སྤྱི་གླིང་དང་། ཐང་ཆེན། སྡེ་ཁུལ་སོགས་སུ་ཁྲིམས་སྐྱོང་རིག་གནས་བར་ཁྱམས་དང་། ཁྲིམས་སྐྱོང་གི་བརྗོད་དོན་གཙོ་བོའི་སྤྱི་གླིང་། ཁྲིམས་སྐྱོང་རིག་གནས་ཁྲོམ་གཞུང་སོགས་ཀྱི་གཡུལ་ས་བསྐྲུན་ནས་ཁྲིམས་སྐྱོང་གི་གཞི་རྒྱུ་མང་ཚོགས་ཀྱི་རྒྱུན་ལྡན་འཚོ་བའི་ནང་མཉམ་འདྲེས་ཐུབ་པར་བྱས་ཡོད། བསྡོམས་རྩིས་བྱས་པར་གཞིགས་ན། འདི་ལོ་ལྷོ་ཁའི་གྲོང་ཁྱེར་དང་རྫོང་རིམ་པ་གཉིས་ཀྱི་ཁྲིམས་འཛིན་སྲིད་འཛིན་ལས་ཁུངས་ཀྱིས་གྲོང་ཚོ་རིམ་པའི་ཕྱི་རོལ་གྱི་LEDབཅའ་ཁྲིམས་ཁྱབ་གདལ་གྱི་བརྙན་ཤེལ་96གསར་དུ་བསྣན་པ་རེད།
ཁྲིམས་སྐྱོང་གི་རིག་རྩལ་འཁྲབ་སྟོན་བྱེད་སྒོ་སྤེལ་ཞིང་། ལྷོ་ཁ་གྲོང་ཁྱེར་བཅའ་ཁྲིམས་ཁྱབ་གདལ་གཞུང་དོན་ཁང་གིས་ཆེད་ལས་རིག་རྩལ་གྱི་གཞས་མ་གཏམ་ཚོགས་པ་མཐའ་མཚམས་རྫོང(གྲོང་ཁྱེར)དུ་གདན་དྲངས་ནས“མཐའ་མཚམས་སུ་བཅའ་ཁྲིམས་དྲིལ་བསྒྲགས་ཀྱིས་བཅའ་ཁྲིམས་ཁྱབ་གདལ་དམངས་སེམས་ལ་ཟུག་པའི”བརྗོད་དོན་གཙོ་བོའི་རིག་རྩལ་འཁྲབ་སྟོན་བྱེད་སྒོ་སྤེལ་བར་མི་ཐེངས་3000ལ་ཐད་ཀར་སློབ་གསོ་ཐེབས་ཡོད། མཚོ་སྨད་རྫོང་དང་ཟངས་རི་རྫོང་བཅའ་ཁྲིམས་ཁྱབ་གདལ་གཞུང་དོན་ཁང་གིས་མང་ཚོགས་ཀྱི་ཁྲིམས་སྐྱོང་དགོས་མཁོ་གཞིར་བཟུང་། “ཁྲིམས་སྐྱོང་རིག་རྩལ་འབྲོག་ཁུལ་དུ་ཁྱབ་གདལ་གཏོང་བ”དང“ཁྲིམས་སྐྱོང་རིག་རྩལ་དབྱར་རྩྭ་དགུན་འབུ་འཐུ་སར་ཁྱབ་གདལ་གཏོང་བ”སོགས་ཀྱི་ཁྲིམས་སྐྱོང་རིག་རྩལ་བྱེད་སྒོ་སྤེལ་བ་རེད།