ལྷ་རྩེ་རྫོང་མི་དམངས་ཞིབ་དཔྱོད་ཁང་གིས།
འགན་འཁྲི་མཉམ་འཁུར་གྱིས“ཁྲིམས་གཉིས་འབྲེལ་མཐུད”གཏིང་ཟབ་དང་ཏན་ཏིག་བྱེད་པར་སྐུལ་འདེད་བཏང་བ།
《དུས་རབས་གསར་པའི་ཞིབ་དཔྱོད་ལས་ཁུངས་ཀྱི་བཅའ་ཁྲིམས་ལྟ་སྐུལ་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་བསམ་འཆར》རྒྱུན་མཐུད་དོན་འཁྱོལ་གཏིང་ཟབ་བྱས་ནས་སྐོར་ཞིབ་དག་ཐེར་གྱི་རྗེས་མཐུད་ལས་དོན་ཡག་པོ་སྒྲུབ་ཆེད། ཉེ་ཆར། གཞིས་རྩེ་གྲོང་ཁྱེར་ལྷ་རྩེ་རྫོང་མི་དམངས་ཞིབ་དཔྱོད་ཁང་གིས“ཁྲིམས་གཉིས་སྦྲེལ་མཐུད”ལས་དོན་གྱི་བཞུགས་མོལ་ཚོགས་འདུ་སྒྲིག་འཛུགས་བྱས་ནས་འཚོགས་པ་རེད། ལྷ་རྩེ་རྫོང་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་དང་། རྫོང་ཨུད་སྲིད་ཁྲིམས་ཨུ་ལྷན། རྫོང་མི་དམངས་ཁྲིམས་ཁང་། སྤྱི་བདེ་ཅུས་སོགས་རྫོང་ཐད་གཏོགས་ཀྱི་འབྲེལ་ཡོད་ཚན་པ་23གྱི་འགན་འཁུར་བ་ཚོགས་འདུར་ཞུགས་ཡོད་པ་རེད།
ཚོགས་འདུའི་ཐོག་འབྲེལ་ཡོད་ཡིག་ཆའི་དགོངས་དོན་ལག་བསྟར་དོན་འཁྱོལ་ཡག་པོ་བྱེད་པའི་ཐད་གཅིག་སྡུད་སློབ་སྦྱོང་དང་སྤེལ་རེས་གྲོས་བསྡུར་བྱས་པ་དང་འབྲེལ་བསམ་འཆར་དང་གྲོས་འགོའང་བཏོན་པ་རེད། ལྷ་རྩེ་རྫོང་མི་དམངས་ཞིབ་དཔྱོད་ཁང་གི་ཏང་ཙུའི་ཧྲུའུ་ཅི་དང་ཅན་ཁྲ་ཀྲང་སྐལ་བཟང་སངས་རྒྱས་ཀྱིས། “ཁྲིམས་གཉིས་སྦྲེལ་མཐུད”ལས་དོན་གྱི་བཞུགས་མོལ་ཚོགས་འདུ་འཚོགས་པ་ནི་ལས་དོན་གྱི་སྐུལ་འདེད་ཚོགས་འདུ་ཞིག་རེད་ལ། སློབ་སྦྱོང་སྤེལ་རེས་ཀྱི་ཚོགས་འདུ་ཞིག་ཀྱང་རེད། མ་གཞི་ཞིབ་དཔྱོད་ལས་ཁུངས་དང་སྲིད་འཛིན་ཁྲིམས་སྒྱུར་ལས་ཁུངས་ཀྱི་ལས་ཀའི་ལས་བགོས་མི་འདྲ་བ་དང་། འགན་འཁྲི་མི་འདྲ་བ། འགན་འཁྲི་སྒྲུབ་སྟངས་མི་འདྲ་མོད། འོན་ཀྱང་ལས་ཀའི་དམིགས་ཚད་གཅིག་གྱུར་དང་། འབད་འཐབ་ཁ་ཕྱོགས་གཅིག་གྱུར། ཞབས་ཞུའི་དམིགས་ཡུལ་གཅིག་མཐུན་བཅས་རེད། མཐར་གཏུགས་ནས་བཤད་ན་ལྷ་རྩེའི་ཁྲིམས་སྐྱོང་འཛུགས་སྐྱོང་བྱེད་མགྱོགས་སུ་བཏང་ནས་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་རེད་ཅེས་བཤད།