དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • བོད་ཀྱིས་སྟོན་དགུན་གཉིས་ཀྱི་འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་ཀྱི་དྲིལ་བསྒྲགས་སློབ་གསོའི་འགག་སྒྲོལ་བྱ་སྤྱོད་སྤེལ་རྒྱུའི་བཀོད་སྒྲིག་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-12-06

    ཉེ་ཆར། བོད་རང་སྐྱོང་ལྗོངས་སྤྱི་བདེ་ཐིང་འགྲིམ་འགྲུལ་དོ་དམ་ཅུས་ཀྱིས《བོད་ཀྱི་སྤྱི་བདེ་འགྲིམ་འགྲུལ་དོ་དམ་སྡེ་ཚན་གྱི་སྟོན་དགུན་གཉིས་ཀྱི་འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་ཀྱི་དྲིལ་བསྒྲགས་སློབ་གསོའི་འགག་སྒྲོལ་བྱ་སྤྱོད་ཀྱི་ལག་བསྟར་ཇུས་གཞི》བཀྲམ་ནས“གནད་དྲུག་དང་བརྩོན་ལེན་དྲུག”གི་ལས་ཀའི་བྱེད་ཐབས་སྤྱད་དེ་སྟོན་དགུན་གཉིས་ཀྱི་འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་ཀྱི་དྲིལ་བསྒྲགས་སློབ་གསོའི་འགག་སྒྲོལ་བྱ་སྤྱོད་ཏན་ཏིག་སྤེལ་ནས། བོད་ཀྱི་སྟོན་དགུན་གཉིས་ཀྱི་འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་ཀྱི་དུས་བབ་རྒྱུན་མཐུད་བདེ་འཇགས་དང་བརྟན་ལྷིང་ཡོང་བའི་འགན་ལེན་བྱས་པ་རེད།

    གསར་འགོད་པས་བོད་རང་སྐྱོང་ལྗོངས་སྤྱི་བདེ་ཐིང་འགྲིམ་འགྲུལ་དོ་དམ་ཅུས་ནས་ཤེས་རྟོགས་བྱས་པར། ད་ཐེངས་ཀྱི་སྟོན་དགུན་གཉིས་ཀྱི་འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་ཀྱི་དྲིལ་བསྒྲགས་སློབ་གསོའི་འགག་སྒྲོལ་བྱ་སྤྱོད་ནང“མདོ་གནད་ལ་ལྡིར་ནས་འབྱུང་རྩའི་མངོན་མེད་རྐྱེན་ངན་སེལ་བ”དང་། “བཀྲག་མདངས་འཚེར་ས་བཏོད་དེ་གྲོང་གསེབ་ཀྱི་བདེ་འཇགས་ལ་དམིགས་པ” “གཙོ་གནད་ལ་དོ་ཁུར་གྱིས་སྐྱེལ་འདྲེན་ཁེ་ལས་ལ་དམིགས་པ” “དཀའ་གནད་ཚད་བརྒལ་གྱིས་གཙོ་གནད་ལམ་དུམ་ལ་དམིགས་པ”“འགག་གནད་བསལ་ཏེ་སྔོན་བརྡ་དྲན་སྐུལ་ལ་དམིགས་པ” “གནད་སར་དམིགས་ཏེ་གཙོ་གནད་ཁྲིམས་འགལ་ལ་རྡུང་རྡེག་གཏོང་བ”བཅས་ཀྱི་བྱ་ཐབས་དྲུག་ལ་དམིགས་ནས་འབྲེལ་ཡོད་ལས་དོན་སྤེལ་ཞིང་། དེའི་དམིགས་ཡུལ་ནི་འགྲོ་ལམ་འགྲིམ་འགྲུལ་གྱི་ལས་འཛོལ་ཐོན་ཚད་དང་མི་ཤི་ཚད་སྔར་བས་ཉུང་དུ་གཏོང་བ་དང་། སྟོན་དགུན་གཉིས་སུ་གངས་ཆར་དང་སེར་བ་བབས་པ་དང་འཁྱགས་པ་སོགས་ཀྱི་གནམ་གཤིས་ངན་པའི་རྐྱེན་གྱིས་འགྲིམ་འགྲུལ་གྱི་ལས་འཛོལ་ཐོན་རྒྱུར་འགོག་ཟོན་ཏན་ཏིག་བྱེད་པ། རྒྱ་ཆེའི་མང་ཚོགས་ཀྱི་འགྲིམ་འགྲུལ་བདེ་འཇགས་ཀྱི་འདུ་ཤེས་དང་ཡ་རབས་ངང་ཕྱིར་སྐྱོད་པའི་འདུ་ཤེས་རྒྱུན་ཆད་མེད་པར་ཟབ་ཏུ་གཏོང་བ། “ང་ཚོ་མཉམ་དུ་ཡ་རབས་ཀྱི་འགྲུལ་བཞུད་ལ་ཞུགས་པའི”རྣམ་པ་བཟང་པོ་ཞིག་ཧུར་ཐག་གཏོད་དེ་དུས་བདེའི་བོད་ལྗོངས་སྐྲུན་ཆེད་བདེ་འཇགས་དང་། བརྟན་པོ། གོ་རིམ་ལྡན་པ་བཅས་ཀྱི་འགྲོ་ལམ་འགྲིམ་འགྲུལ་གྱི་ཁོར་ཡུག་སྐྲུན་ཆེད་རེད། 

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།