གཞིས་རྩེ་གྲོང་ཁྱེར་གྱིས་སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་ཡག་པོ་བརྒྱབ་པ།
ཉེ་བའི་ལོ་ཤས་རིང་གཞིས་རྩེ་གྲོང་ཁྱེར་སྐྱེ་ཁམས་ཁོར་ཡུག་ཅུས་ཀྱིས་གཙོ་གནད་སྦགས་བཙོག་འབྱུང་ཁུངས་ལ་རང་འགུལ་ལྟ་སྐུལ་ཚོད་འཛིན་བྱེད་པའི་མ་ལག་སྤྱད་དེ་ཚད་གཞི་ལས་བརྒལ་ནས་བཙོག་འབུད་བྱས་པའི་ཆ་འཕྲིན་ལ་འཕྲལ་མར་ལྟ་སྐུལ་ཚོད་འཛིན་དང་། ས་གནས་ས་ཐོག་ཏུ་འཕྲལ་མར་རྒྱུ་རྐྱེན་འཚོལ་བཤེར། ཚད་གཞི་ལས་བརྒལ་ནས་བཙོག་འབུད་བྱས་པའི་སྣང་ཚུལ་འཕྲལ་མར་གཙང་སེལ་བཅས་བྱས་ཏེ་ཁྲིམས་འགལ་བྱེད་སྤྱོད་ཀུན་གྱིས་མཐོང་བ་དང་ཁོར་ཡུག་ཁྲིམས་སྒྱུར་དུས་ཐོག་ཏུ་དམིགས་སར་འབྱོར་བར་འགན་ལེན་བྱས་ནས་སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་ཡག་པོ་རྒྱག་རྒྱུར་རམ་འདེགས་བྱས་པ་རེད།
ཁོར་ཡུག་སྦགས་བཙོག་འགོག་བཅོས་དང་ལྟ་སྐུལ་དོ་དམ་ཐད། གཞིས་རྩེ་གྲོང་ཁྱེར་སྐྱེ་ཁམས་ཁོར་ཡུག་ཅུས་ཀྱིས་ཁེ་ལས་ཀྱི་རང་འགུལ་ལྟ་ཞིབ་ཚད་ལེན་རོགས་སྐྱོར་ཚོགས་ཆུང་བཙུགས་ནས་གཙོ་གནད་བཙོག་འབུད་ཁེ་ལས་ཀྱི་རང་འགུལ་ལྟ་སྐུལ་ཚོད་འཛིན་སྒྲིག་ཆས་ལ་མཛུབ་ཁྲིད་ཞིབ་བཤེར་བྱས་པ་དང་། ས་གནས་ས་ཐོག་ཏུ་ལྟ་སྐུལ་ཚོད་འཛིན་སྒྲིག་ཆས་བླུག་པའི་ཁང་པ་དང་རླངས་སྙིགས་འབུད་གཏོང་བྱེད་སར་ལྟ་ཞིབ་བཅས་བྱས་པ་དང་འབྲེལ། སྒྲིག་ཆས་ཀྱི་དཔྱད་གྲངས་ཆ་འཕྲིན་དང་། དམིགས་བསལ་དུས་མཚམས་ཀྱི་ལོ་རྒྱུས་ཀྱི་གྲངས་གཞི། སྒྲིག་ཆས་འཁོར་སྐྱོད་དང་ཉམས་གསོའི་ཐོ་འགོད་སོགས་ཀྱི་ལས་ཀའི་རྩིས་ཁྲ་ལྟ་ཀློག་བྱས་རྗེས། ཁེ་ལས་ཀྱིས་དྲ་ཐོག་ནས་སྒྲིག་ཆས་འཁོར་སྐྱོད་དང་སྲུང་སྐྱོང་ལ་ལྟ་ཞིབ་ཚད་ལེན་བྱེད་པའི་ཁྲོད་གནས་པའི་གནད་དོན་དང་སྐྱོན་ཆར་ཕྱོགས་ཡོངས་ནས་གྲལ་བཤེར་བྱས་པ་མ་ཟད། ཁེ་ལས་ཀྱི་སྒྲིག་ཆས་གསར་རྙིང་བརྗེ་བའི་གནད་དོན་ཐད་ལུགས་དང་མཐུན་པའི་གྲོས་འགོ་བཏོན་ཏེ་དྲ་ཐོག་ནས་སྒྲིག་ཆས་ལ་ལྟ་ཞིབ་ཚད་ལེན་བྱས་པའི་གྲངས་གཞི་ཡང་དག་ནུས་ལྡན་ཡོང་བ་དང་སྦགས་བཙོག་དངོས་པོ་ཕྱིར་འབུད་ཀྱི་ཚད་གཞི་ལོན་པར་འགན་ལེན་བྱས་པ་རེད།
སྦགས་བཙོག་འབྱུང་ཁུངས་ལ་དྲ་ཐོག་ནས་ལྟ་སྐུལ་ཚོད་འཛིན་དང་དོ་དམ་བྱེད་པའི་ཐད། གཞིས་རྩེ་གྲོང་ཁྱེར་སྐྱེ་ཁམས་ཁོར་ཡུག་ཅུས་ཀྱིས་དྲ་ཐོག་གྲངས་གཞིའི་གྲུབ་འབྲས་བེད་སྤྱད་དེ“ལས་ཡུལ་དངོས་མིན་པའི་ཁོར་ཡུག་ལྟ་སྐུལ་དོ་དམ”དང“ལས་ཡུལ་དངོས་ཀྱི་ཁོར་ཡུག་ཁྲིམས་སྒྱུར”ལས་དོན་དང་སྦྲེལ་མཐུད་བྱེད་པའི་གོ་རིམ་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་བཏང་བ་དང་། སྦགས་བཙོག་འབྱུང་ཁུངས་ཀྱི་རང་འགུལ་ལྟ་སྐུལ་ཚོད་འཛིན་མ་ལག་སྤྱད་དེ་ཆེད་མི་བཀོད་སྒྲིག་གིས་ཆེད་མངགས་དོ་དམ་བྱས་ནས་གྲོང་ཁྱེར་ཡོངས་ཀྱི་གཙོ་གནད་དྲ་སྦྲེལ་གྱི་ལྟ་སྐུལ་ཚོད་འཛིན་ཁེ་ལས་དང་། རླངས་སྙིགས་ལྟ་སྐུལ་ཚོད་འཛིན་བྱེད་ས། ཆུ་སྙིགས་ལྟ་སྐུལ་ཚོད་འཛིན་ས་ཚིགས་བཅས་ལ་དྲ་ཐོག་ནས་ལྟ་སྐུལ་དོ་དམ་བྱས་པ་དང་། འབྲེལ་ཡོད་ཁེ་ལས་ལ་སྦགས་བཙོག་འབྱུང་ཁུངས་ཀྱི་རང་འགུལ་ལྟ་སྐུལ་ཚོད་འཛིན་སྒྲིག་ཆས་ཚད་ལྡན་སྤྱོད་རྒྱུར་སྐུལ་འདེད་བཏང་ནས་སྦགས་བཙོག་འབྱུང་ཁུངས་གཙོ་བོར་ལྟ་སྐུལ་དོ་དམ་བྱ་རྒྱུ་སྤྱིར་ན་ཁྱོན་ཡོངས་ལ་ཁྱབ་པར་བྱས་ཡོད།