མངའ་རིས་བུ་བཅོལ་ཁང་དུ་མེ་ཟོན་བདེ་འཇགས་ཀྱི་གསོ་སྦྱོང་དང་འཕྲལ་སྡོམ་ཁ་འགྲེམ་ནང་སྦྱོང་བྱས་པ།
ཉེ་ཆར། མངའ་རིས་ས་ཁུལ་གྱི“གངས་ལྗོངས་ཀྱི་ཕུབ་སྔོན། མེ་ཟོན་དྲིལ་བསྒྲགས་སློབ་གསོའི་འཆད་འཁྲིད་ཚོགས་པས”ཁོངས་གཏོགས་ཁུལ་གྱི་བུ་བཅོལ་ཁང་དུ་མེ་ཟོན་བདེ་འཇགས་ཀྱི་གསོ་སྦྱོང་དང་འཕྲལ་སྡོམ་ཁ་འགྲེམ་སྲོག་ཐར་གྱི་ནང་སྦྱོང་བྱེད་སྒོ་སྤེལ་བ་རེད།
“ཉེན་བརྡ”བཏང་བ་དང་ཆབས་ཅིག་འཕྲལ་སྡོམ་ཁ་འགྲེམ་སྲོག་ཐར་གྱི་ནང་སྦྱོང་དངོས་སུ་འགོ་ཚུགས་ཤིང་། དགེ་སློབ་ཚོས་མེ་ཟོན་པའི་བཀོད་འདོམས་འོག་སྒུར་སྒུར་གྱིས་ཁ་སྣ་བཀབ་སྟེ་སློབ་ཁང་ནས་ལུས་རྩལ་ཐང་དུ་གོ་རིམ་ལྡན་པའི་ངང་ཁ་གྲམ་པ་དང་། གཏན་འཁེལ་གནས་སུ་བདེ་འཇགས་ངང་གང་མགྱོགས་ཁ་གྲམ་པས་བརྒྱུད་རིམ་ཧྲིལ་པོ་གོ་རིམ་ལྡན་པ་དང་བདེ་བླག་བྱུང་ཡོད་པ་རེད། ལུས་རྩལ་ཐང་དུ་སླེབས་རྗེས་མེ་ཟོན་པས་དགེ་སློབ་རྣམས་ལ་མེ་གསོད་རླངས་འཁོར་དང་འཁོར་ཐོག་གི་ཡོ་བྱད་དང་སྒྲིག་ཆས་སྣ་ཚོགས་ངོ་སྤྲོད་བྱས་ཤིང་། གོ་བདེ་ཤེས་སླའི་སྐད་ཆའི་ཐོག་ནས་མེ་གསོད་རླངས་འཁོར་གྱི་བྱེད་ནུས་དང་། ཁྱད་ཆོས། བེད་སྤྱོད་གཏོང་སྟངས་བཅས་ངོ་སྤྲོད་བྱས་པ་དང་སྦྲགས། དགེ་རྒན་རྣམས་ལ་ཇི་ལྟར་ཡང་དག་པའི་སྒོ་ནས་མེ་གསོད་ཡོ་བྱད་དང་། ཆུ་མདའ། ཆུ་ཐག་སོགས་བཀོལ་སྤྱོད་བྱེད་སྟངས་དམར་ཁྲིད་བཅས་བྱས་པ་མ་ཟད། ས་གནས་ས་ཐོག་ཏུ“སྣུམ་སླང་གི་མེ་གསོད་སྟངས”ནང་སྦྱོང་ཡང་བྱས་པ་རེད།
ད་ཐེངས་ཀྱི་བྱེད་སྒོ་སྤེལ་བ་བརྒྱུད། བུ་བཅོལ་ཁང་གི་ལས་བཟོའི་མེ་ཟོན་གྱི་འདུ་ཤེས་སྔར་བས་ཟབ་ཏུ་ཕྱིན་པ་མ་ཟད། ཕྲུ་གུ་ཚོར་གསོན་ཉམས་དོད་པའི་མེ་ཟོན་གྱི་ཤེས་བྱའི་སློབ་ཚན་ཞིག་ཀྱང་འཁྲིད་ནས“ཕྲུ་གུ་གཅིག་ལ་སློབ་གསོ་བརྒྱབ་ནས་ཁྱིམ་ཚང་གཅིག་ལ་སྐུལ་ཁྲིད་དང་སྤྱི་ཚོགས་ཧྲིལ་པོར་ཤུགས་རྐྱེན་གཏོང་བའི”ཕན་འབྲས་བཟང་པོ་ཐོན་ཆེད་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད་པ་རེད།