སྐྱིད་གྲོང་རྫོང་མི་དམངས་ཁྲིམས་ཁང་གིས་མགོ་སྐོར་གཡོ་ཐབས་ཀྱི་གྱོད་གཞི་ཞིག་ལ་ཁྲིམས་ལྟར་ཞིབ་གཅོད་བྱས་པ།
འདི་ནི་གྱོད་གཞིར་ཞིབ་གཅོད་བྱ་ཡུལ་ཡིན་པ།
འདི་ནི་སྐྱིད་གྲོང་ཁྲིམས་ཁང་གི་ལས་བྱེད་ཉེན་རྟོག་པས་རྒྱལ་ཁོངས་ནེ་པ་ལ་ནས་ཡིན་པའི་གནོད་འཚེ་ཕོག་མཁན(གཡོན་གྱི་དང་པོ)ལ་ཞིབ་གཅོད་བྱས་འབྲས་འགྲེལ་བཤད་རྒྱག་བཞིན་པ།
སྐྱིད་གྲོང་འགག་སྒོའི་དཔལ་འབྱོར་མགྱོགས་མྱུར་འཕེལ་རྒྱས་ཕྱིན་པ་དང་དེ་བཞིན་འགག་སྒོའི་སྒོ་མོ་རྒྱུན་མཐུད་ཕྱེ་བ་དང་བསྟུན་ནས། ཕྱི་ཕྱོགས་དང་འབྲེལ་བ་ཡོད་པའི་ཉེས་དོན་གྱོད་གཞི་སྣ་ཚོགས་མང་དུ་འགྲོ་བའི་རྣམ་པ་མངོན་པ་དང་། ལྷག་པར་དུ་ཀྲུང་གོར་ཐོག་མར་སླེབས་པ་དང་ཀྲུང་གོའི་བཅའ་ཁྲིམས་ལ་རྒྱུས་མངའ་མེད་པའི་རྒྱལ་ཁོངས་གཞན་གྱི་མི་སྣའི་ཁྲིམས་འགལ་ཉེས་གསོག་གི་བྱེད་སྤྱོད་ཡང་ཡང་ཐོན་གྱི་ཡོད། ཉེ་ཆར་གཞིས་རྩེ་གྲོང་ཁྱེར་སྐྱིད་གྲོང་རྫོང་མི་དམངས་ཁྲིམས་ཁང་གིས་མགོ་སྐོར་གཡོ་ཐབས་ཀྱི་གྱོད་གཞི་ཞིག་ལ་ཁྲིམས་ལྟར་ཞིབ་གཅོད་བྱས་ཤིང་། གྱོད་གཞི་དེའི་གནོད་འཚེ་ཕོག་མཁན་ནི་ནེ་པ་ལའི་མི་ཡིན་པ་རེད།
ཞུ་སྦྱོར་ཕྱི་མ་སྤེན་ཆེ་གེ་མོས་ཟླ་3ཚེས་7ཉིན་སྐྱིད་གྲོང་གྲོང་རྡལ་གྱི་བོགས་གཏོང་ཁང་པའི་ཉེ་འགྲམ་དུ་ཉེན་རྟོག་པར་བརྫུས་ནས་རྒྱལ་ཁོངས་ནེ་པ་ལ་ནས་ཡིན་པའི་མི་སྣར་ཞིབ་བཤེར་བྱས་པ་མ་ཟད། ཁྲིམས་འགལ་གྱི་རྒྱུ་མཚན་དྲངས་ནས་གནོད་འཚེ་ཕོག་མཁན་ལ་འཇིགས་སྐུལ་བྱས་ཏེ་རྒྱུ་ནོར་གཡོ་ལེན་བྱས།
ཞིབ་གཅོད་བྱེད་རིང་། སྐྱིད་གྲོང་རྫོང་མི་དམངས་ཁྲིམས་ཁང་ཉེས་དོན་འདྲི་གཅོད་ཚོགས་པས་རྒྱལ་ཁོངས་གཞན་གྱི་གནོད་འཚེ་ཕོག་མཁན་དང་འབྲེལ་བ་ཡོད་པའི་གྱོད་གཞིར་ཚད་མཐོའི་མཐོང་ཆེན་བྱས་ནས་འདྲི་ཞིབ་དེ་དྲང་གཞག་དང་། ཡོངས་བསྒྲགས། ཁ་གསལ་བཅས་ཡོང་བར་འགན་ལེན་བྱས་ཡོད། ཁྲིམས་སར་འདྲི་གཅོད་བྱེད་རིང་གཏུག་རྩོད་ཕྱོགས་གཉིས་པོས་དཔང་རྟགས་ཤོད་རེས་དང་རྩོད་གླེང་བྱས་ཀྱང་ཞུ་སྦྱོར་ཕྱི་མ་སྤེན་ཆེ་གེ་མོས་རང་ཉེས་ངོས་ལེན་ཞུས་མེད། འདྲི་གཅོད་བྱས་པ་བརྒྱུད། འདྲི་གཅོད་ཚོགས་པས་གྱོད་དོན་ཡིག་ཆ་ནན་ཏན་ངང་ཀློག་པ་དང་ཁྲིམས་འགལ་གྱི་དཔང་རྟགས་ཁྲིམས་ལྟར་མེད་པར་བཟོས་རྗེས། བཅའ་ཁྲིམས་ཀྱི་གཏན་འབེབས་ལྟར་ཞུ་སྦྱོར་ཕྱི་མའི་བྱེད་སྤྱོད་དེ་མགོ་སྐོར་གཡོ་ཐབས་ཀྱི་གྲས་སུ་གཏོགས་པའི་ངོས་འཛིན་བྱས་པ་མ་ཟད། ཁྲིམས་ལྟར་ཆད་པ་བཅད་པ་རེད།
གནོད་འཚེ་ཕོག་མཁན་ནེ་པ་ལའི་མི་དེས“ཀྲུང་གོ་སྲིད་གཞུང་དང་ཀྲུང་གོའི་ཁྲིམས་དཔོན་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཀྲུང་གོའི་བརྟན་ལྷིང་ཞི་མཐུན་དང་ཁྲིམས་སྐྱོང་འཐུས་སྒོ་ཚང་བའི་སྤྱི་ཚོགས་ཁོར་ཡུག་འདི་ལྟ་བུའི་འོག་ང་ཚོ་ཕྱི་རྒྱལ་བ་རྣམས་བློ་བདེ་པོའི་ངང་ལས་ཀ་བྱེད་པ་དང་འཚོ་བ་སྐྱེལ་ཐུབ་ངེས་རེད། ཀྲུང་གོའི་བཅའ་ཁྲིམས་ནི་གཞུང་དྲང་ལ་སྒེར་སེམས་མེད་པས་ང་ཚོས་བདེ་འཇགས་དང་བརྩི་འཇོག་དངོས་འབྲེལ་ཚོར་ཐུབ་བྱུང་། ཁྲིམས་སྐྱོང་གི་རྣམ་པ་འདི་ལྟ་བུའི་འོག་འགག་སྒོ་ས་ཁུལ་གྱི་འཕེལ་རྒྱས་སྔར་བས་ལེགས་སུ་འགྲོ་བའི་ཡིད་ཆེས་ཡོད་ལ། ང་ཚོས་ཀྱང་ཀྲུང་ནེ་རྒྱལ་ཁབ་གཉིས་པོའི་སྤེལ་རེས་དང་མཉམ་ལས་ལ་སྐུལ་འདེད་གཏོང་ཆེད་མུ་མཐུད་རང་ཉིད་ཀྱི་སྟོབས་ཤུགས་སྐྱེས་སུ་འབུལ་འདོད་ཡོད”ཅེས་སེམས་འགུལ་ཆེན་པོ་ཐེབས་བཞིན་བརྗོད།
གྱོད་གཞི་དེར་བདེ་བླག་ངང་ཞིབ་གཅོད་བྱས་པ་དེས་རྒྱལ་ཁོངས་གཞན་གྱི་གནོད་འཚེ་ཕོག་མཁན་གྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་ནུས་ལྡན་ཐུབ་ཡོད་ལ། རང་རྒྱལ་གྱི་ཁྲིམས་ཁང་གིས་ཕྱི་ཕྱོགས་དང་འབྲེལ་བ་ཡོད་པའི་ཉེས་དོན་གྱོད་གཞི་ཐག་གཅོད་བྱེད་པའི་ཁྲོད་ཀྱི་དྲང་བདེན་དང་ལས་ཕྱོད་ཀྱང་གསལ་པོར་མཚོན་ཡོད། མགོ་སྐོར་གཡོ་ཐབས་ཀྱི་ཉེས་གསོག་ལ་རྡུང་རྡེག་དྲག་པོ་གཏོང་བ་དང་འདྲི་གཅོད་མགྱོགས་མྱུར་བྱས་པ་བརྒྱུད། རང་རྒྱལ་གྱི་བཅའ་ཁྲིམས་ཀྱིས་ཉེས་གསོག་བྱེད་སྤྱོད་མཐའ་དག་ལ་བཟོད་སྒོམ་གཏན་ནས་མི་བྱེད་པའི་རྣམ་འགྱུར་གསལ་པོར་མཚོན་ཡོད་པ་དང་། གནོད་འཚེ་ཕོག་མཁན་རྒྱལ་ཁོངས་གང་ནས་ཡིན་ཡང་ཚང་མར་བཅའ་ཁྲིམས་ཀྱིས་འདྲ་མཉམ་ངང་སྲུང་སྐྱོང་བྱེད་ཀྱི་ཡོད། བྱ་ཐབས་འདིས་འགག་སྒོར་ཁྲིམས་སྐྱོང་ཅན་གྱི་ཚོང་གཉེར་ཁོར་ཡུག་བསྐྲུན་རྒྱུར་སྐུལ་འདེད་ཀྱི་ནུས་པ་ཆེན་པོ་ཐོན་པ་དང་། མངོན་མེད་ཀྱི་ཁྲིམས་འགལ་ཉེས་ཅན་ཟིལ་གྱིས་མནན་ནས་འགག་སྒོ་ས་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་དང་ཚོང་ལས་བྱེད་སྒོར་བཅའ་ཁྲིམས་ཀྱི་འགན་ལེན་བརྟན་པོ་བྱས་ཡོད།