རླངས་འཁོར་མདུན་མ་ལས་བརྒལ་ཕྱིར་ལྡོག་སྐྱོད་བྱས་པས་རླངས་འཁོར་དེ་ཐེར་འདོན་བྱས་པ།
ལྷ་སའི་འགྲིམ་འགྲུལ་ཉེན་རྟོག་པས་ཞིབ་བཤེར་ཐག་གཅོད་བྱས་པ།
ཉེ་ཆར། ལྷ་སའི་འགྲིམ་འགྲུལ་ཉེན་རྟོག་པར་དྲ་གྲོགས་ཀྱིས་ཐེར་འདོན་གོང་ཞུ་བྱས་པ་ལྟར་ན། ཟོག་འཁོར་ཆུང་གྲས་ཤིག་གིས་ལྡོག་སྐྱོད་འཁོར་བརྒལ་བྱས་པས་ཏོག་ཙམ་མ་གཏོགས་ལས་འཛོལ་ལྷགས་གྲབས་བྱས། བརྙན་ལམ་ནས་མངོན་པ་ལྟར་ན། ཟོག་འཁོར་ཆུང་གྲས་དཀར་པོ་ཞིག་རྒྱལ་ལམ་318བརྒྱུད་དེ་ཤར་ནས་ནུབ་ཏུ་སྟག་རྩེ་ཆུས་བཙུན་མོ་ཚལ་གྲོང་ཚོའི་ལམ་དུམ་དུ་སླེབས་སྐབས། ཁ་ལོ་བས་རླངས་འཁོར་མདུན་མ་ལས་བརྒལ་མི་ཐུབ་པའི་གནས་ཚུལ་འོག་ཨུ་ཚུགས་ཀྱིས་བརྒལ་བ་དང་། ཏོག་ཙམ་མ་གཏོགས་འཁོར་ལམ་དུ་རྒྱུན་གཏན་ངང་སྐྱོད་པའི་རླངས་འཁོར་ཞིག་དང་རྡུང་ཁ་རྒྱག་གྲབས་བྱས།
ཐེར་འདོན་སྙན་ཞུ་འབྱོར་རྗེས། ལྷ་སའི་འགྲིམ་འགྲུལ་ཉེན་རྟོག་པས་འཕྲལ་མར་ཉེན་རྟོག་པ་སྒྲིག་འཛུགས་ཀྱིས་འབྲེལ་ཡོད་ལམ་དུམ་གྱི་གློག་མིག་དང་དྲ་གྲོགས་ཀྱིས་མཁོ་འདོན་བྱས་པའི་བརྙན་ཐུང་ལ་བརྟག་དཔྱད་བྱས་པ་བརྒྱུད། དོན་དེ་དང་འབྲེལ་བ་ཡོད་པའི་རླངས་འཁོར་གཏན་འཁེལ་བྱས་པ་དང་འབྲེལ་ཁྲིམས་ལྟར་ཁ་ལོ་བ་སྐད་བཏང་ནས་སྔར་བས་ཞིབ་བཤེར་བྱས་པ་རེད།
ཞིབ་བཤེར་བྱས་པ་དང་ཁ་ལོ་བ་ཚེ་ཆེ་གེ་མོས་ངོས་ལེན་ཞུས་པ་བརྒྱུད། རླངས་འཁོར་དེར་ཁྲིམས་འགལ་ངང་རླངས་འཁོར་མདུན་མ་ལས་བརྒལ་བའི་བྱེད་སྤྱོད་ཡོད་པར་བརྟེན། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས》ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། སྤྱི་བདེ་ལས་ཁུངས་འགྲིམ་འགྲུལ་དོ་དམ་སྡེ་ཚན་གྱིས་ཁྲིམས་ལྟར་ཚེ་ཆེ་གེ་མོའི་ཁ་ལོ་བའི་ལག་ཁྱེར་ནས་སྐར་མ་3བཅག་པ་དང་སྒོར་200ཡི་སྲིད་འཛིན་ཉེས་ཆད་བཏང་བ་རེད།
ལྡོག་སྐྱོད་འཁོར་བརྒལ་ནི་གཞན་གྱི་བདེ་འཇགས་ལ་གནོད་པ་མ་ཟད། རང་ཉིད་ལའང་ཉེན་ཁ་བཟོ་སྲིད། དེས་ན་ཁྲིམས་ལུགས་ཀྱིས་གཏན་འབེབས་ཇི་ལྟར་བྱས་ཡོད་དམ་ཞེ་ན།
《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས》ཀྱི་དོན་ཚན་43པའི་ནང་གཏན་འབེབས་བྱས་དོན། འཁོར་ལམ་གཅིག་པའི་ནང་དུ་སྐྱོད་པའི་འཕྲུལ་སྒུལ་འཁོར་རིགས་ཡིན་ན། རླངས་འཁོར་རྒྱབ་མ་དེས་རླངས་འཁོར་མདུན་མའི་བར་འཕྲལ་མར་ཁ་བཀག་ཐུབ་པའི་བདེ་འཇགས་ཀྱི་བར་ཐག་འཇོག་དགོས། གཤམ་གསལ་གནས་ཚུལ་གང་རུང་ཡོད་ན་རླངས་འཁོར་མདུན་མ་ལས་བརྒལ་མི་ཆོག
(གཅིག)རླངས་འཁོར་མདུན་མས་གཡོན་དུ་སྐོར་བ་དང་། ཁ་ཕྱིར་སྐོར་བ། རླངས་འཁོར་སྔོན་མ་ལས་རྒལ་བཞིན་པའི་རིགས།
(གཉིས)ཁ་སྤྲོད་ནས་ཚུར་ཡོང་བའི་རླངས་འཁོར་དང་རྡུང་ཁ་ཐེབས་སྲིད་རིགས།
(གསུམ)རླངས་འཁོར་མདུན་མ་ནི་ཛ་དྲག་ལས་འགན་སྒྲུབ་མཁན་ཉེན་རྟོག་པའི་རླངས་འཁོར་དང་། མེ་གསོད་རླངས་འཁོར། སྨན་བཅོས་སྲོག་སྐྱོབ་རླངས་འཁོར། ལས་གྲྭའི་ཉེན་སེལ་རླངས་འཁོར་བཅས་ཡིན་རིགས།
(བཞི)མེ་འཁོར་འགྲོ་སའི་ལམ་མདོ་ཁ་དང་། བཞི་མདོ་ཁ། དོག་ཟམ། ཀྱོག་ལམ། གྱེན་ཐུར། ཕུག་ལམ། མི་སྐྱོད་འཕྲེད་ལམ། གྲོང་ཁུལ་གྱི་འགྲུལ་རྒྱུན་ཆེ་བའི་ལམ་དུམ་སོགས་སུ་རླངས་འཁོར་མདུན་མ་ལས་བརྒལ་མི་ཐུབ་སའི་རིགས།
《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས》ཀྱི་དོན་ཚན་ཞེ་ལྔ་པའི་ནང་གསེས་དང་པོའི་གཏན་འབེབས་ལྟར་ན། མདུན་ཕྱོགས་སུ་རླངས་འཁོར་གྲལ་བསྒྲིགས་ནས་བསྒུགས་ཡོད་པའམ་ཡང་ན་དལ་བུར་སྐྱོད་པའི་སྐབས་སུ། འཁྲིས་ཀྱི་ལམ་བཟུང་སྟེ་རླངས་འཁོར་མདུན་མ་ལས་བརྒལ་བའམ་ཡང་ན་ཚུར་ཕྱོགས་ཀྱི་འགྲོ་ལམ་བཟུང་མི་ཆོག་པ་དང་། སྒུག་བསྡད་པའི་རླངས་འཁོར་གྱི་བར་དུ་འཛུལ་མི་ཆོག
《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས》ཀྱི་དོན་ཚན་དགུ་བཅུ་པའི་གཏན་འབེབས་ལྟར་ན། ཁ་ལོ་བས་འགྲོ་ལམ་འགྲུལ་བཞུད་སྐོར་གྱི་འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་གཏན་འབེབས་ལས་འགལ་བའི་རིགས་ལ་ཐ་ཚིག་སྒྲོག་པའམ་ཡང་ན་སྒོར་ཉི་ཤུ་ཡན་ནས་ཉིས་བརྒྱ་མན་གྱི་ཆད་པ་གཅོད་རྒྱུ་དང་། བཅའ་ཁྲིམས་འདིའི་ནང་ལོགས་སུ་གཏན་འབེབས་བྱས་ཡོད་ན། གཏན་འབེབས་ལྟར་ཆད་པ་གཅོད་རྒྱུ།
《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འགྲོ་ལམ་འགྲིམ་འགྲུལ་བདེ་འཇཌ་ཀྱི་ཁྲིམས་འགལ་བྱེད་སྤྱོད་ཀྱི་སྐར་གཅོག་དོ་དམ་བྱ་ཐབས》ཀྱི་དོན་ཚན་བཅུ་གཅིག་པའི་ནང་གསེས་བཞི་པ་དང་ནང་གསེས་ལྔ་པའི་ནང་གཏན་འབེབས་བྱས་དོན། འཕྲུལ་སྒུལ་འཁོར་རིགས་གཏོང་སྐབས་གཏན་འབེབས་གཞིར་མ་བཟུང་བར་འཁོར་རིགས་མདུན་མ་ལས་བརྒལ་བ་དང་བྱོལ་ནས་སྐྱོད་པའམ་ཡང་ན་མྱུར་བགྲོད་གཞུང་ལམ་དང་གྲོང་ཁྱེར་གྱི་མྱུར་ལམ་ཕུད་པའི་འགྲོ་ལམ་དུ་ལྡོག་ནས་སྐྱོད་པ་དང་། མདུན་ཕྱོགས་སུ་རླངས་འཁོར་གྲལ་བསྒྲིགས་ནས་བསྒུགས་ཡོད་པའམ་ཡང་ན་དལ་བུར་སྐྱོད་པའི་སྐབས་སུ། འཁྲིས་ཀྱི་ལམ་བཟུང་སྟེ་རླངས་འཁོར་མདུན་མ་ལས་བརྒལ་བའམ་ཡང་ན་ཚུར་ཕྱོགས་ཀྱི་འགྲོ་ལམ་བཟུང་བ་དང་སྒུག་བསྡད་པའི་རླངས་འཁོར་གྱི་བར་དུ་འཛུལ་བའི་རིགས་ཡིན་ན་ཐེངས་གཅིག་ལ་སྐར་མ་3གཅོག་རྒྱུ།
ལྷ་སའི་འགྲིམ་འགྲུལ་ཉེན་རྟོག་པས་རྒྱ་ཆེའི་འགྲུལ་བཞུད་པ་ཚོར། རླངས་འཁོར་བཏང་ནས་ཕྱིར་སྐྱོད་སྐབས་ངེས་པར་དུ་འགྲོ་ལམ་འགྲིམ་འགྲུལ་གྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་རང་རྟོགས་ངང་བརྩི་སྲུང་ཞུས་ནས། བདེ་འཇགས་དང་ཡ་རབས་ལྡན་པའི་ངང་རླངས་འཁོར་གཏོང་དགོས་པའི་དྲན་སྐུལ་བྱ་རྒྱུ་ཡིན།