རང་སྐྱོང་ལྗོངས་དཔེ་མཛོད་ཁང་གིས་བོད་ལྗོངས་ནགས་ཚལ་མེ་ཟོན་སྤྱི་ཁྱབ་རུ་ཁག་སྦྱོང་བརྡར་རུ་ཆེན་ལ་དཔེ་དེབ་ཞལ་འདེབས་བརྒྱབ་པ།
མེ་ཟོན་རུ་མིས་སྐོར་སྐྱོད་དཔེ་མཛོད་རླངས་འཁོར་ནང་དཔེ་དེབ་ཀློག་བཞིན་པ།
དཔེ་དེབ་ཞལ་འདེབས་རྒྱག་བཞིན་པ།
ཞལ་འདེབས་རྒྱག་པའི་བྱེད་སྒོ་སྤེལ་ཡུལ་ཡིན་པ།
ཉིན་ཤས་གོང་། བོད་ལྗོངས་ནགས་ཚལ་མེ་ཟོན་སྤྱི་ཁྱབ་རུ་ཁག་སྦྱོང་བརྡར་རུ་ཆེན་གྱིས་རང་སྐྱོང་ལྗོངས་དཔེ་མཛོད་ཁང་དང་མཉམ་དུ་དཔེ་དེབ་ཞལ་འདེབས་རྒྱག་པའི་བྱེད་སྒོ་སྤེལ་བ་རེད། ཐེངས་འདིའི་བྱེད་སྒོའི་ཐོག་ཁྱོན་དཔེ་དེབ་700ལྷག་ཙམ་ཞལ་འདེབས་བརྒྱབ་པའི་ནང་ཏང་འཛུགས་སྐྱོང་སྐོར་དང་། གསར་བརྗེའི་སྐོར། ཆབ་སྲིད་ལས་དོན་སྐོར། རྩོམ་རིག་སྐོར་སོགས་ཁྱབ་ཁོངས་10ལྷག་ཙམ་གྱི་དཔེ་དེབ་ཚུད་ཡོད་པ་རེད།
རང་སྐྱོང་ལྗོངས་དཔེ་མཛོད་ཁང་གི་ཀོན་ཀྲང་གཞོན་པ་བསོད་ནམས་སྒྲོལ་དཀར་གྱིས་སྦྱོང་བརྡར་རུ་ཆེན་ལ་དཔེ་དེབ་སྤྲད་པ་དང་། བོད་ལྗོངས་ནགས་ཚལ་མེ་ཟོན་སྤྱི་ཁྱབ་རུ་ཁག་ཆབ་སྲིད་པུའི་ཀྲུའུ་རེན་ཝུའེ་ཅན་ཡེ་ཡིས་སྦྱོང་བརྡར་རུ་ཆེན་གྱི་ཚབ་ཞུས་ནས་དཔེ་མཛོད་ཁང་ལ་གོས་དར་ཕུལ་བ་དང་འབྲེལ། “དཔེ་དེབ་ཞལ་འདེབས་བརྒྱབ་པ་ལས་རང་སྐྱོང་ལྗོངས་དཔེ་མཛོད་ཁང་གིས་སྤྱི་ཁྱབ་རུ་ཁག་འཛུགས་སྐྱོང་ལ་རྒྱབ་སྐྱོར་ཤུགས་ཆེན་བྱེད་ལུགས་གང་ལེགས་མཚོན་ཡོད། དེ་ལས་སྤྱི་ཁྱབ་རུ་ཁག་དང་ལྗོངས་དཔེ་མཛོད་ཁང་དབར་གྱི་མཉམ་སྐྲུན་རོགས་རེས་འབྲེལ་བ་སྐས་རིམ་གསར་པ་ཞིག་ཏུ་སླེབས་པ་མཚོན་ཡོད་ལ། རུ་ཆེན་གྱིས་སྤྱི་ཁྱབ་རུ་ཁག་ཏང་ཨུད་ཀྱི་བཀོད་སྒྲིག་མཐའ་གཅིག་ཏུ་དོན་འཁྱོལ་བྱས་ནས‘དཔེ་ཀློག་ལ་དགའ་བའི་སྒར་ཁུལ་བཙུགས་ཏེ་རིག་གནས་ཀྱི་ནང་དོན་ཟབ་ཏུ་གཏོང་བའི’དཔེ་ཀློག་བྱེད་སྒོ་དོན་འཁྱོལ་ཧུར་ཐག་བྱེད་པའི་བྱེད་ཐབས་ནུས་ལྡན་ཞིག་ཀྱང་ཡིན། བཀོད་འཐབ་པ་ཚོས་རྩ་ཆེའི་ཐོན་ཁུངས་འདི་དག་ཉར་ཚགས་ཡག་པོ་དང་བེད་སྤྱོད་གང་ལེགས་བྱས་ནས་སློབ་སྦྱོང་ལ་ཤུགས་སྣོན་གྱིས་རིག་གནས་དང་ཆབ་སྲིད་ཀྱི་བྱང་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་སྟེ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་སྲུང་སྐྱོང་བྱེད་པ་དང་ཆབས་ཅིག བོད་ཀྱི་རིག་གནས་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བར་རང་ཉིད་ཀྱི་སྟོབས་ཤུགས་སྐྱེས་སུ་འབུལ་རྒྱུའི་རེ་བ་ཡོད”ཅེས་བརྗོད་པ་རེད།