བྲག་གཡབ་རྫོང་རང་གྲུབ་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པ་སེམས་རྩ་འཁོལ་བའི“གད་པར”གྱུར་པ།
འདི་ནི་མི་དམངས་ཉེན་རྟོག་པས་བསྟན་སྒྲོན་གྱི་ཁང་པར་གད་ཕྱིས་རྒྱག་བཞིན་པ།
“ཁྱེད་རྣམ་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཁང་པ་གཙང་མ་ཆགས་སོང” “མཚེར་སྣང་བྱེད་མི་དགོས། ཁྱེད་རང་གཟུགས་པོ་ཐང་པོ་མེད་པས་ང་ཚོས་ཞོར་ལ་ཁྱེད་ཀྱི་ཁང་པར་བསྡུ་གསོག་རྒྱག་དགོས་པ་དེའང་འོས་པ་ཞིག་རེད”ཅེས་སྐད་ཆ་ཤོད་རེས་བྱེད་པ་དེ་ནི་ཉེ་དུས་རྟག་ཏུ་བྱུང་བའི་སྣང་ཚུལ་ཞིག་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ལས་ཀའི་བཀོད་སྒྲིག་དབང་གིས་བྲག་གཡབ་རྫོང་སྤྱི་བདེ་ཅུས་རང་གྲུབ་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པ་ཕུན་ཚོགས་ཆོས་སྒྲོན་དང་ལས་རོགས་མཉམ་དུ་རང་གྲུབ་ཤང་སྨད་སྟོད་གྲོང་ཚོར་གྲོང་ཚོ་དང་དུད་ཚང་དུ་སྐྱོད་པའི་བྱེད་སྒོ་སྤེལ་བ་རེད། མང་ཚོགས་བསྟན་སྒྲོན་གྱི་ཁྱིམ་དུ་འབྱོར་སྐབས་ཁོང་གི་ཁང་པའི་ནང་ཅ་ལག་གང་སར་སྤུངས་ཡོད་ལ། མཁའ་རླུང་འགྲོ་རྒྱུག་ཡག་པོ་མེད་པ་མཐོང་རྗེས་ཁོང་ཚོས་བསྟན་སྒྲོན་གྱི་ཁྱིམ་དུ་གད་ཕྱིས་རྒྱག་པ་དང་། ཅ་ལག་བསྡུ་གསོག་རྒྱག་པ། སྒོ་རར་གཙང་སྦྲ་བྱེད་རོགས་བཅས་བྱས་པ་རེད།
བསྟན་སྒྲོན་གྱི་བཟའ་ཟླ་ཚེ་ལས་འདས་རྗེས་བུ་ཕྲུག་ཡུན་རིང་ས་ཆ་གཞོན་དུ་སྡོད་ཀྱི་ཡོད་པས་བསྟན་སྒྲོན་ཁེར་རྐྱང་དུ་འཚོ་བ་སྐྱེལ་གྱི་ཡོད། ཉེ་དུས་གནམ་གཤིས་གྲང་དུ་ཕྱིན་ཏེ་མ་གཞི་ནས་གཟུགས་པོ་ཐང་པོ་མེད་པའི་བསྟན་སྒྲོན་གྱི་གཟུགས་པོ་དེ་བས་སྐྱོ་རུ་ཕྱིན་ཏེ་ཁྱིམ་ལས་བྱེད་ཐབས་བྲལ་བར་གྱུར།
བསྟན་སྒྲོན་ལ་དེ་བས་སྐྱིད་སྣང་སྡོད་གུ་ཡངས་པའི་སྡོད་གནས་ཁོར་ཡུག་ཅིག་བསྐྲུན་ནས་གཟུགས་གཞི་ཐང་པོ་ཡོང་བར་བྱ་ཆེད། མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པས་ཁོང་གི་ཁྱིམ་ལ་གཙང་སྦྲ་བྱེད་རོགས་བྱས་ཡོད། ཁང་པའི་གང་སར་རྣམ་པ་གསར་རྐྱང་དུ་གྱུར་བ་མཐོང་སྐབས། བསྟན་སྒྲོན་གྱིས་མི་དམངས་ཉེན་རྟོག་པའི་ལག་ནས་འཇུས་ཏེ་ཐུགས་རྗེ་ཆེ་ཡང་ཡང་ཞུས་པ་དང་དྲོ་སྐྱིད་ལྡན་པའི་འཛུམ་མདངས་ཤིག་ཁོང་གི་ངོ་གདོང་ནས་རང་དབང་མེད་པར་མངོན་བཞིན་མཆིས།