དབུ་ཤོག>ཁྲིམས་ལུགས།>ཞི་མཐུན་ས་མཐོ།
  • ཉིང་ཁྲི་གྲོང་ཁྱེར་གྱིས་བཅའ་ཁྲིམས་ཁྱབ་གདལ་ལས་དོན་ལ་སྐུལ་འདེད་ཧུར་ཐག་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-10-30

    འདི་ནི་ལས་དོན་མི་སྣས་ལས་ཡུལ་དུ་བཟོ་པར་ངལ་རྩོལ་ཁྲིམས་སྲོལ་དྲིལ་བསྒྲགས་བྱེད་བཞིན་པ།

    ཉེ་བའི་ལོ་ཤས་རིང་། ཉིང་ཁྲི་གྲོང་ཁྱེར་གྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་སྒྱུར་བཅོས་སྒོ་དབྱེར་དམིགས་ཏེ་སྤུས་ཚད་མཐོ་བའི་བཅའ་ཁྲིམས་ཁྱབ་གདལ་གྱི་དྲིལ་བསྒྲགས་བྱེད་སྒོ་རབ་དང་རིམ་པ་ཧུར་ཐག་སྤེལ་ནས་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་ཆེད། ཁྲིམས་སྐྱོང་གི་རྣམ་པ་བཟང་པོ་བཏོད་པ་དང་། གཙོ་གནད་རྣམ་གྲངས་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་ཁྲིམས་སྐྱོང་གི་རྒྱབ་སྐྱོར་མཁོ་འདོན། ས་ཁོངས་འཕེལ་རྒྱས་ལ་ཁྲིམས་སྐྱོང་གི་འགན་ལེན་ནུས་ལྡན་བཅས་བྱས་ཡོད།

    ཁྱབ་རྒྱ་ཆེ་རུ་བཏང་བ། 

    སྤྱི་ཚོགས་བཅོས་སྐྱོང་ནང་རྒྱ་ཁྱབ་ངང་ཞུགས་པ།

    ཉིང་ཁྲི་གྲོང་ཁྱེར་ཁྲིམས་འཛིན་ཅུས་ཀྱིས“ཏང་འཛུགས་སྐྱོང་དང་བཅའ་ཁྲིམས་ཁྱབ་གདལ་ཟུང་འབྲེལ”གྱི་ལས་ཀའི་བྱེད་ཐབས་འཚོལ་ཞིབ་གཏིང་ཟབ་བྱས་ཏེ། ཏང་ཀྲི་པུའི“མཁར་རྫོང”གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་ཉིང་ཁྲི་གྲོང་ཁྱེར་གྱི“གསར་པ་གཉིས”ཀྱི་རྩ་འཛུགས་བཅའ་ཁྲིམས་ཁྱབ་གདལ་དང་བླངས་པའི་དཔུང་ཁག་དང་པོ་བཙུགས་པ་དང་། བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་དང་ཟུང་འབྲེལ་བྱས་ནས་དགུན་ཚང་ཤང་ཉང་གསར་གྲོང་ཚོའི་ས་ངན་གནས་སྤོས་ས་ཚིགས་སུ“ཏང་འཛུགས་སྐྱོང་དང་། བཅའ་ཁྲིམས་ཁྱབ་གདལ། རིག་གནས་བཅས་ཟུང་འབྲེལ”གྱི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ། བུད་མེད་མཉམ་འབྲེལ་ལྷན་ཚོགས་དང་སྡེ་ཚོགས་ཨུ་ལྷན་གྱི་ཏང་ཡོན་སྒྲོག་འགྲེལ་པ་སྒྲིག་འཛུགས་བྱས་ཏེ་ཉིང་ཁྲི་གྲོང་ཁྱེར་བྱིས་པའི་ཕན་བདེ་ཁང་དུ“ཏང་འཛུགས་སྐྱོང་དང་། བཅའ་ཁྲིམས་ཁྱབ་གདལ། འཚམས་འདྲི”བཅས་ཟུང་འབྲེལ་གྱི་བྱེད་སྒོ་སྤེལ་ནས་ཏང་འཛུགས་སྐྱོང་གི་རྒྱུན་རྣམ་ཅན་གྱི་བཅའ་ཁྲིམས་ཁྱབ་གདལ་ལས་སྒོར་ཁྲིད་སྟོན་བྱེད་པའི་ལས་དོན་ལ་ཕན་འབྲས་དངོས་ཐོན་པར་སྐུལ་འདེད་བཏང་བ་རེད།

    ཉིང་ཁྲི་གྲོང་ཁྱེར་ཆུས(ཀྲུང་དབྱང)ཐད་གཏོགས་ཚན་པ་ཁག་གི་ཏང་རྩ་འཛུགས་ཀྱིས་ཏང་ཡོན་གྱིས“འབྱོར་ཐོ་གཉིས་འགོད”གཞི་རྟེན་དུ་བྱས་ནས་བྱེད་སྒོ་མཉམ་གཉེར་དང་ཕན་འབྲས་མཉམ་སྤྱོད་ཀྱི་བྱ་ཐབས་སྤྱད་དེ། ཏང་ཡོན་ལས་བྱེད་པའི་ཁྱད་ཆོས་དང་ལས་སྒོའི་འཇོན་ཐང་སྔོག་འདོན་དང་བཅའ་ཁྲིམས་ཁྱབ་གདལ་དྲིལ་བསྒྲགས་ཁྲོད་ཆེད་ལས་ཀྱི་འགན་ནུས་འདོན་སྤེལ་བྱས་ནས་བཅའ་ཁྲིམས་ཁྱབ་གདལ་ལས་དོན་གྱི་གྲུབ་འབྲས་སྡེ་ཁུལ་དུ་དོན་འཁྱོལ་ཐུབ་པ་དང་བཅའ་ཁྲིམས་ཁྱབ་གདལ་དང་དྲིལ་བསྒྲགས་ཀྱི་ཕན་འབྲས་གཞི་རིམ་དུ་མངོན་པར་བྱས་ཏེ་ཏང་འཛུགས་སྐྱོང་ལས་དོན་དང་བཅའ་ཁྲིམས་ཁྱབ་གདལ་གྱི་ལས་དོན་ལ་སྐུལ་འདེད་བཏང་ཡོད།

    ཉིང་ཁྲི་གྲོང་ཁྱེར་གྱིས་བཅའ་ཁྲིམས་ཁྱབ་གདལ་གྱི་ལས་དོན་ལ་བརྟེན་ནས་དམིགས་བསལ་ཚོགས་སྤྱིར་དོ་ཁུར་དང་གཅེས་སྐྱོང་བྱེད་པ་དང་། “དམངས་དོན་ཁྲིམས་གཞུང་སློབ་གྲྭ་དང་། ཁེ་ལས། གྲོང་གསེབ། སྡེ་ཁུལ་བཅས་སུ་ཁྱབ་པའི”རིམ་སྤེལ་དྲིལ་བསྒྲགས་བྱེད་སྒོ་སྒྲིག་འཛུགས་བྱས་ནས་སྤེལ་བ། ཞིང་པ་ལས་མིའི་གླ་ཆ་འགྱངས་ཆད་ཀྱི་གནད་དོན་གྱི་འབྲེལ་ཡོད་བཅའ་ཁྲིམས་ཁྲིམས་སྲོལ་དྲིལ་བསྒྲགས་ལས་དོན་ཧུར་ཐག་སྤེལ་བ་བཅས་བྱས་ཏེ་ཞིང་འབྲོག་ལས་མིའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱས་ཡོད། དབྱར་རྩྭ་དགུན་འབུ་འཐུ་ཁུལ་དུ་བསྐྱོད་དེ“ཞིང་འབྲོག་ཁུལ་དུ་བཅའ་ཁྲིམས་ཁྱབ་གདལ་གཏོང་བའི”ཁྲིམས་སྐྱོང་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་རེད། ལས་དོན་སྒྲུབ་དུས་ཁྲིམས་གཞིར་བཟུང་བ་དང་། གནས་ཚུལ་འཕྲད་དུས་ཁྲིམས་ཁུངས་འཚོལ་བ། དོན་ཐག་གཅོད་དུས་ཁྲིམས་ལ་བསྟུན་པ། འགལ་ཟླ་ཡོད་དུས་ཁྲིམས་བཞིན་སེལ་བ་བཅས་ཀྱི་ཁོར་ཡུག་བཟང་པོ་ཆགས་པར་སྐུལ་འདེད་བཏང་སྟེ་བཅའ་ཁྲིམས་ཁྱབ་གདལ་ལས་དོན་གྱི་ཁྱབ་རྒྱ་རྒྱུན་ཆད་མེད་པར་ཆེ་རུ་བཏང་ཡོད།

    གནད་དུ་འཁེལ་ཚད་གོང་མཐོར་སོང་བ།

    གནད་སྨིན་ངང་ཁྲིམས་ལྟར་སྲིད་འཛིན་ལས་དོན་སྒྲུབ་པར་སྐུལ་འདེད་བཏང་བ།

    ཉིང་ཁྲི་གྲོང་ཁྱེར་གྱིས་བཅའ་ཁྲིམས་ཁྱབ་གདལ་ལས་དོན་ཁྲོད་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་ལག་བསྟར་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཁྲིམས་སྐྱོང་འཛུགས་སྐྱོང་གི“འགག་རྩའི་ཉུང་ཤས”ལ་དམ་འཛིན་བྱས་ཏེ། བཅའ་ཁྲིམས་ཁྱབ་གདལ་ལས་དོན་དེ་ཁྲིམས་ལྟར་སྲིད་འཛིན་སྒྲུབ་པའི་ཁྱབ་ཁོངས་སུ་ཁྱབ་རྒྱུར་སྐུལ་འདེད་བཏང་ཡོད།

    ཉིང་ཁྲི་གྲོང་ཁྱེར་གྱིས“སྤྱི་ཡོངས་ལ་ཞབས་འདེགས་ཞུ་བའི་བཅའ་ཁྲིམས་ཁྱབ་གདལ་གྱི་བྱ་སྤྱོད”དང་། “དམངས་དོན་ཁྲིམས་གཞུང་གིས་མཛེས་སྡུག་ལྡན་པའི་འཚོ་བ་སྐྱོང”“དམངས་དོན་ཁྲིམས་གཞུང་ལས་ཁུངས་སུ་སྤེལ་བ”སོགས་བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་བྱེད་སྒོ་རབ་དང་རིམ་པ་གཏིང་ཟབ་སྤེལ་བ་རེད། དེ་དང་ཆབས་ཅིག་ས་གནས་ཀྱི་གསར་བརྗེའི་ཐོན་ཁུངས་སྔོག་འདོན་བྱས་ཏེ་ཁྲིམས་སྐྱོང་རིག་གནས་དང་གསར་བརྗེའི་རིག་གནས་ཟུང་འབྲེལ་དམ་ཟབ་བྱས་ནས་གསར་བརྗེའི་ཁྲིམས་སྐྱོང་རིག་གནས་སློབ་གསོའི་གཡུལ་ས་བཏོད་པ་རེད། བཅའ་ཁྲིམས་ཁྱབ་གདལ་ལས་དོན་དེ་སྤྱི་ཚོགས་འཕེལ་རྒྱས་ལ་སྲུང་སྐྱོང་བྱེད་པའི་རྨང་གཞིའི་རང་བཞིན་གྱི་ལས་ཀའི་ཁྱད་ཆོས་སུ་བརྩི་བ་དང་ཟུང་འབྲེལ་གྱིས《ཉིང་ཁྲི་གྲོང་ཁྱེར་གྱི་བཅའ་ཁྲིམས་ཁྱབ་གདལ་སྔོན་བསྟར་དང་ཚད་ལེན་དཔྱད་བསྡུར་གྱི་ལམ་ལུགས》བཟོས་ནས་བཏོན་ཏེ། དམངས་འཚོ་དང་འབྲེལ་བ་ཡོད་པའི་རྣམ་གྲངས་ཐད་ངེས་པར་དུ་སྔོན་ལ་བཅའ་ཁྲིམས་ཁྱབ་གདལ་གཏོང་བ་དང་རྗེས་སུ་ལག་བསྟར་བྱེད་དགོས་པ་ཁ་གསལ་བཟོས་ཡོད། རྒྱལ་ཁབ་ཀྱི་ལས་དོན་པའི་ཁྲིམས་སྦྱོང་ཁྲིམས་སྤྱོད་ཀྱི་ལས་དོན་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། དྲ་ཐོག་ནས་ཁྲིམས་སྦྱོང་ཁྲིམས་སྤྱོད་དང་རྒྱུགས་ལེན་ལས་སྟེགས་གཏོད་པ། 《ཉིང་ཁྲི་གྲོང་ཁྱེར་གྱི་འགོ་ཁྲིད་ལས་བྱེད་པའི་ཤེས་དགོས་པའི་ཀློག་དེབ》རྩོམ་སྒྲིག་པར་སྐྲུན་བཅས་བྱས་ནས་བཅའ་ཁྲིམས་ཁྱབ་གདལ་གྱི་ཕན་འབྲས་དེ“འགག་རྩའི་ཉུང་ཤས”བར་གནད་སྨིན་ངང་ཁྱབ་པར་བྱས་པ་དང་། སྲིད་འཛིན་ལས་ཁུངས་བར་རྒྱ་ཆེར་བཏང་བ་མ་ཟད། ཁྲིམས་ལྟར་སྲིད་འཛིན་ལ་སྐུལ་འདེད་ནུས་ལྡན་བཏང་ནས་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་ལ་གཞོགས་འདེགས་བྱས་པ་རེད།

    གཏིང་ཚད་ཟབ་ཏུ་བཏང་བ།

    སྒྱུར་བཅོས་སྒོ་དབྱེ་སྔོན་བསྟར་ལ་གཞོགས་འདེགས་བྱས་པ།

    སྨན་གླིང་གྲོང་ཁྱེར་གྱིས“དཔོན་གསུམ”གྱི་བཅའ་ཁྲིམས་ཁྱབ་གདལ་འཆད་ཁྲིད་ཚོགས་པ་སྒྲིག་འཛུགས་བྱས་ཏེ་ཐག་རིང་གྲོང་ཚོར་བསྐྱོད་ནས“གྲོང་ཚོ་དང་དུད་ཚང་དུ་བཅའ་ཁྲིམས་ཁྱབ་གདལ་གཏོང་བ་དང་དམངས་སེམས་དྲོ་བར་བྱེད་པའི”བརྗོད་དོན་གཙོ་བོའི་བཅའ་ཁྲིམས་ཁྱབ་གདལ་གྱི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་རེད། མེ་ཏོག་རྫོང་གིས་འབྲེལ་ཡོད་ཚན་པ་སྒྲིག་འཛུགས་བྱས་ཏེ་མཐའ་མཚམས་གྲོང་ཚོའི་གནས་སྤོས་བཀོད་སྒྲིག་བྱ་ཡུལ་དུ་བསྐྱོད་ནས“མཐའ་མཚམས་སུ་བཅའ་ཁྲིམས་དྲིལ་བསྒྲགས་དང་། ཁྲིམས་སྐྱོང་གིས་མཐའ་མཚམས་སྲ་བརྟན་དུ་གཏོང་བ”ཞེས་བརྗོད་དོན་གཙོ་བོར་བྱས་པའི་བཅའ་ཁྲིམས་ཞབས་ཞུར་བརྟེན་ནས་གཤམ་སྐྱོད་བྱེད་སྒོ་སྤེལ་བ་རེད། བྱ་སྤྱོད་དེ་དག་གིས་ཉིང་ཁྲི་དེ་ཉིད་རྒྱལ་ཁབ་ཀྱི་མཐའ་བརྟན་མཐའ་དར་དམངས་ཕྱུག་བྱ་སྤྱོད་ཀྱི་དཔེ་སྟོན་ཁུལ་འཛུགས་གཏོད་བྱེད་པའི་ལས་དོན་ལ་ཁྲིམས་སྐྱོང་གི་རྣམ་པ་བཟང་པོ་བཏོད་པ་དང་། མཐའ་བརྟན་མཐའ་དར་སོགས་དར་རྒྱས་གོང་འཕེལ་ལ་སྐུལ་འདེད་གཏོང་བའི་འབྲེལ་ཡོད་སྲིད་ཇུས་དང་། བཅའ་ཁྲིམས། ཁྲིམས་སྲོལ་བཅས་དྲིལ་བསྒྲགས་རྒྱ་ཁྱབ་བྱས་པ། བཅའ་ཁྲིམས་ཁྱབ་གདལ་གཏོང་བ་བརྒྱུད་མང་ཚོགས་ལ་བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན་ཞིག་བྱེད་དགོས་པའི་སློབ་གསོ་ཁྲིད་སྟོན་བྱས་པ་རེད།

    འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། གོམ་སྟབས་རྗེས་མར་ཉིང་ཁྲི་གྲོང་ཁྱེར་གྱིས“ལོ་ལྔ་ཚན་བརྒྱད་པའི”བཅའ་ཁྲིམས་ཁྱབ་གདལ་ལས་དོན་གྱི་བླང་བྱ་གཞིར་བཟུང་། 《བོད་རང་སྐྱོང་ལྗོངས་ཀྱི་ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོའི་སྲོལ་ཡིག》སོགས་ལས་དོན་གྱི་གཏན་འབེབས་དོན་འཁྱོལ་བྱས་ཏེ“ཚད་གསུམ”གྱི་བཅའ་ཁྲིམས་ཁྱབ་གདལ་ལས་དོན་གྱི་འདུ་ཤེས་ཟབ་ཏུ་བཏང་ཞིང་། བཅའ་ཁྲིམས་ཁྱབ་རྒྱ་ཆེ་རུ་གཏོང་ཚད་དང་། བཅའ་ཁྲིམས་ཁྱབ་གདལ་གྱི་གནད་སྨིན་ཐུབ་ཚད། བཅའ་ཁྲིམས་ཁྱབ་གདལ་གྱི་གཏིང་ཟབ་ཚད་བཅས་ཆེ་རུ་བཏང་བ་དང་། བཅའ་ཁྲིམས་དྲིལ་བསྒྲགས་དང་ཁྲིམས་སྐྱོང་ལག་ལེན་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་མ་བཏང་ནས། ཉིང་ཁྲིའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་སྒྱུར་བཅོས་སྒོ་དབྱེར་སྐུལ་འདེད་གཏོང་ཆེད་ཁྲིམས་སྐྱོང་གི་སྟོབས་ཤུགས་སྔོན་ལ་ལེགས་སྐྱེས་འབུལ་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།