དབུ་ཤོག>ཁྲིམས་ལུགས།>ཁྲིམས་དང་སྤྱི་ཚོགས།
  • མགོ་སྐོར་ཐེབས་ནས་གཞན་ཡུལ་འགྲིམ་དགོས་ཐུག ནང་མི་མཉམ་འཛོམས་བཀྲ་ཤིས་ཉིན་མོ་ཤར།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-10-29

    ཉེ་ཆར། མཚོ་སྨད་རྫོང་སྤྱི་བདེ་ཅུས་ཀྱིས་ཀན་སུའུ་ཞིང་ཆེན་ནས་མགོ་སྐོར་བསླུ་ཁྲིད་འོག་ཚུད་དེ་གཞན་ཡུལ་དུ་སླེབས་ནས་ལོ་20སོང་བའི་བུད་མེད་ཅིག་བསྐྱབས་པ་རེད།

    2022ལོའི་ཟླ་5ཚེས་9ཉིན་གྱི་ཆུ་ཚོད་16ཙམ་ལ་ཀན་སུའུ་ཉེན་རྟོག་ཕྱོགས་ཀྱིས་ཞིབ་བཤེར་གཞོགས་འདེགས་ཀྱིས་བརྡ་ཁྱབ་བཏང་བའི་ནང་དོན་ལ་གཞིགས་ན། མཚོ་སྨད་རྫོང་ནས་ཡིན་པའི་བུད་མེད་པ་ཆེ་གེ་མོ་ཀན་སུའུ་ཞིང་ཆེན་ཝུའུ་ཝུའེ་གྲོང་ཁྱེར་ལེང་ཀྲོའུ་ཆུས་སུ་བསླུ་ཚོང་བྱས་པའི་དོགས་གཞི་ཡོད་ཅིང་། ཁུངས་སྣེ་རྙེད་རྗེས་མཚོ་སྨད་རྫོང་སྤྱི་བདེ་ཅུས་ཏང་ཨུད་ཀྱིས་མཐོང་ཆེན་པོ་བྱས་ནས་འཕྲལ་དུ་ཉེས་དོན་མྱུལ་ཞིབ་སྡེ་ཚན་ལ་ཉེན་རྟོག་པ་སྒྲིག་འཛུགས་བྱས་ཏེ་ཁུངས་སྣེའི་གནས་ཚུལ་ཞིབ་བཤེར་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

    ཞིབ་དཔྱད་བྱེད་རིང་། མི་དམངས་ཉེན་རྟོག་པས་ལས་དོན་ཤུགས་ཆེན་སྤེལ་བ་བརྒྱུད། ཞིབ་དཔྱད་བྱ་ཡུལ་པ་ཆེ་གེ་མོ་ནི་མཚོ་སྨད་རྫོང་གནས་བཞི་ཤང་ནས་ཡིན་པ་དང་། གྲོང་ཚོ་དེའི་ཡུལ་མི་ཚང་མ་ད་ཆ་སྣེ་གདོང་ཆུས་རྡོ་ཕོ་བྲང་ཤང་དགའ་གདོང་མཐུན་སྒྲིལ་གྲོང་གསར་དུ་སྤོས་ཡོད་པ་རེད། ཞིབ་དཔྱད་ལས་དོན་གཏིང་ཟབ་སྤེལ་བ་དང་མི་སྣའི་རྗེས་ཤུལ་ལ་དབྱེ་ཞིབ་དང་བརྡར་ཤ་གཅོད་པ་དང་བསྟུན་ནས་བུད་མེད་དེའི་ཞིབ་ཕྲའི་གནས་ཡུལ་གཏན་འཁེལ་བྱས། མཐར་མི་དམངས་ཉེན་རྟོག་པས་ཉིན་མཚན་བདུན་རླངས་འཁོར་བཏང་ནས་ཡར་རྒྱུག་མར་རྒྱུག་དང་ལ་ཀླུང་བརྒལ་ཏེ་ལམ་ཐག་སྤྱི་ལེ་ཁྲི་1ཙམ་ཟིན་པའི་ཞིང་ཆེན་2དང་གྲོང་ཁྱེར7ལ་བསྐྱོད་པ་དང་། ཀན་སུའུ་ཞིང་ཆེན་ཝུའུ་ཝུའེ་གྲོང་ཁྱེར་ལེང་ཀྲོའུ་ཆུས་ནུབ་འདབས་མངགས་གཏོང་ཁང་གི་ཤུགས་ཆེའི་རྒྱབ་སྐྱོར་དང་གཞོགས་འདེགས་འོག་བསླུ་ཚོང་བུད་མེད་པ་ཆེ་གེ་མོ་བསྐྱབས་པ་དང་ནང་མི་མཉམ་འཛོམས་ཐུབ་ཡོད།

    2024ལོའི་ཟླ་10ཚེས་11ཉིན་གྱི་སྔ་དྲོར། ཀན་སུའུ་རུ་སྐྱོད་མཁན་མཚོ་སྨད་རྫོང་སྤྱི་བདེ་ཅུས་རོགས་སྐྱོབ་ཚོགས་ཆུང་གི་རླངས་འཁོར་སྣེ་གདོང་ཆུས་རྡོ་ཕོ་བྲང་ཤང་དགའ་གདོང་མཐུན་སྒྲིལ་གྲོང་གསར་གྱི་བགྲེས་སོང་སྐལ་བཟང་ཆོས་སྒྲོན་གྱི་སྒོ་འགྲམ་དུ་འབྱོར་སྐབས། པ་ཆེ་གེ་མོའི་ནང་མི་དང་། ཤང་མི་དམངས་སྲིད་གཞུང་དང་གྲོང་ཚོ་ཨུ་ལྷན་གྱི་ལས་དོན་པ། གྲོང་མི་བཅས་ཀྱིས་ལག་ཏུ་དཀར་གཙང་ཁ་བཏཌ་ཁྱེར་ནས་པ་ཆེ་གེ་མོ་བསྒུགས་ནས་བསྡད་ཡོད་པ་རེད། པ་ཆེ་གེ་མོ་རླངས་འཁོར་ནས་བབས་མ་ཐག “བུ་མོ། ཨ་མ་ངོ་ཤེས་ཀྱི་འདུག་གམ”ཞེས་བརྗོད་བཞིན་འབྲེལ་བ་ཆད་ནས་ལོ་20སོང་རྗེས་ཨ་མ་དང་བུ་མོ་གཞི་ནས་ཐུག་འཕྲད་བྱུང་བ་རེད། དུས་ཡུན་རིང་པོ་ཇི་ཙམ་འདས་རུང་ལོ་ཟླས་ངོ་གདོང་ལ་རྗེས་ཤུལ་ཅི་ཞིག་བཞག་རུང་། ཤ་དང་རུས་པས་དམ་པོར་བཅིངས་པའི་བརྩེ་དུང་ལས། མཐོང་མ་ཐག་ཕན་ཚུན་ངོ་ཐག་ཆོད་ནས་ལོ་20ཙམ་རིང་དྲན་གདུང་གིས་གཙེས་པའི་སེམས་སྡུག་དེ་མུར་འཇའ་ལྟར་ཡལ་བ་རེད། 

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།