ལྷ་རྩེ་རྫོང་ཁྲིམས་ཁང་གིས་ལྟ་སྐྱོང་བའི་ཐོབ་ཐང་མེད་པར་བཟོ་བའི་གྱོད་གཞི་ཐོག་མ་དེ་ཞིབ་གཅོད་བྱེད་མཇུག་འགྲིལ་བ།
འདི་ནི་ལྷ་རྩེ་རྫོང་མི་དམངས་ཁྲིམས་ཁང་གི་གྱོད་སྒྲུབ་འགན་འཁུར་ཁྲིམས་དཔོན་གྱིས་ལྟ་སྐྱོང་བྱ་ཡུལ་ཉི་ཆེ་གེ་མོའི་ཕ་ཟླ་ཆེ་གེ་མོའི་ཁྱིམ་ཚང་གི་གནས་ཚུལ་དང་ལྟ་སྐྱོང་ནུས་པར་བརྟག་དཔྱད་བྱེད་བཞིན་པ།
ཉེ་ཆར། གཞིས་རྩེ་གྲོང་ཁྱེར་ལྷ་རྩེ་རྫོང་མི་དམངས་ཁྲིམས་ཁང་གིས་ལྟ་སྐྱོང་བའི་ཐོབ་ཐང་མེད་པར་བཟོ་རྒྱུའི་རེ་ཞུའི་གྱོད་གཞི་ཞིག་ཞིབ་གཅོད་བྱེད་མཇུག་འགྲིལ་ཡོད། གྱོད་གཞི་དེའི་ཁྲོད་ཀྱི་ཕའི་ལྟ་སྐྱོང་བའི་ཐོབ་ཐང་མེད་པར་བཟོས་པ་དང་ཆབས་ཅིག ལྟ་སྐྱོང་བྱ་ཡུལ་སྡོད་སའི་གྲོང་ཚོ“ཨུ་ལྷན་གཉིས”ཀྱིས་ལྟ་སྐྱོང་བའི་འགན་འཁུར་དགོས་པའི་དཔྱད་མཚམས་བཏང་ཞིང་། གྱོད་གཞི་འདི་ནི་ལྷ་རྩེ་རྫོང་མི་དམངས་ཁྲིམས་ཁང་གིས་ཞིབ་གཅོད་བྱེད་མཇུག་འགྲིལ་བའི་ལྟ་སྐྱོང་བའི་ཐོབ་ཐང་མེད་པར་བཟོས་པའི་གྱོད་གཞི་ཐོག་མ་རེད།
རེ་ཞུ་བྱ་ཡུལ་ཟླ་ཆེ་གེ་མོ(ཕ)དང་ལྷ་ཆེ་གེ་མོ(མ། ཚེ་ལས་འདས)གཉིས་ནི་ལྟ་སྐྱོང་བྱ་ཡུལ་ཉི་ཆེ་གེ་མོའི་ཕ་མ་རེད། ཁོ་གཉིས་མ་འཆམ་པར་མཉམ་སྡོད་འབྲེལ་བ་ཆད་རྗེས། ལྟ་སྐྱོང་བྱ་ཡུལ་ཉི་ཆེ་གེ་མོ་ཨ་མ་ལྷ་ཆེ་གེ་མོས་གསོ་སྐྱོང་བྱ་རྒྱུའི་ཁ་ཆད་བྱས། ཁོ་གཉིས་ཀྱིས་མཉམ་སྡོད་འབྲེལ་བ་ཕྱིར་འཐེན་བྱས་རྗེས་བཟའ་ཚང་བཙལ་ནས་སོ་སོའི་ཁྱིམ་ཚང་གསར་པ་བཙུགས་པས། ལྟ་སྐྱོང་བྱ་ཡུལ་ཉི་ཆེ་གེ་མོས་ཨ་མ་ལྷ་ཆེ་གེ་མོ་དང་ཨ་མའི་ཁྱོ་ག་གསར་པ་དང་མཉམ་དུ་འཚོ་བ་བསྐྱལ། ཡིན་ན་ཡང་ལྷ་ཆེ་གེ་མོ་དང་ཁྱོ་ག་གསར་པ་སྔར་བཞིན་མ་འཆམ་པས། གྲོང་ཚོ“ཨུ་ལྷན་གཉིས”ཀྱིས་འདུམ་སྒྲིག་བྱས་པ་བརྒྱུད་ཁག་ཁག་བྱེད་རྒྱུའི་གྲོས་མཐུན་བཞག ཁག་ཁག་བྱས་རྗེས། ལྷ་ཆེ་གེ་མོས་ལྟ་སྐྱོང་བྱ་ཡུལ་ཉི་ཆེ་གེ་མོ་རང་ཉིད་ཀྱི་ཨ་མར་བཅོལ་ནས་ས་ཆ་གཞན་དུ་ལས་ཀར་ཕྱིན་པ་དང་ཕྱིས་སུ་གཞན་ཡུལ་དུ་གྲོངས་པ་རེད། ལྷ་ཆེ་གེ་མོ་གྲོངས་རྗེས། ཁྲིམས་བཀོད་ལྟ་སྐྱོང་བ་ཡིན་པའི་ཟླ་ཆེ་གེ་མོས་ལྟ་སྐྱོང་གི་འགན་འཁྲི་ཡག་པོ་མ་བསྒྲུབས་པས་ཉི་ཆེ་གེ་མོ་ལྟ་སྐྱོང་བྱེད་མཁན་མེད་པར་གྱུར། དེར་བརྟེན། ལྟ་སྐྱོང་བྱ་ཡུལ་ཉི་ཆེ་གེ་མོ་སྡོད་སའི་གྲོང་ཚོ“ཨུ་ལྷན་གཉིས”ཀྱིས་ལྷ་རྩེ་རྫོང་མི་དམངས་ཁྲིམས་ཁང་ལ། ལྟ་སྐྱོང་བྱ་ཡུལ་ཉི་ཆེ་གེ་མོའི་ཕ་ཟླ་ཆེ་གེ་མོའི་ལྟ་སྐྱོང་ཐོབ་ཐང་མེད་པར་བཟོས་ནས་ཉི་ཆེ་གེ་མོ་གནས་སའི་གྲོང་ཚོའི་ཨུ་ལྷན་ལ་ལྟ་སྐྱོང་བྱེད་དུ་འཇུག་རྒྱུའི་རེ་འདུན་ཞུས།
རེ་ཞུའི་ཡི་གེ་འབྱོར་རྗེས་སྒྲུབ་འགན་འཁུར་མཁན་ཁྲིམས་དཔོན་གྱིས་འབྲེལ་ཡོད་དོ་བདག་དང་དེ་བཞིན་ལྟ་སྐྱོང་བྱ་ཡུལ་ཉི་ཆེ་གེ་མོ་གནས་སའི་གྲོང་ཚོ“ཨུ་ལྷན་གཉིས”དང་། སློབ་གྲྭ གཉེན་ཉེ་སོགས་ལ་བཅར་འདྲི་བྱས་ཏེ། ལྷ་ཆེ་གེ་མོ་གྲོངས་རྗེས་གྲོང་ཚོ“ཨུ་ལྷན་གཉིས”དང་། ཁོངས་གཏོགས་ཤང་སྲིད་གཞུང་། སློབ་གྲྭ དེ་བཞིན་གཉེན་ཉེ་བཅས་ཀྱིས་ལྟ་སྐྱོང་བྱ་ཡུལ་ཉི་ཆེ་གེ་མོར་གནས་སྐབས་ལྟ་སྐྱོང་བྱེད་ལུགས་ཞིབ་ཕྲ་ཤེས་རྟོགས་བྱས་པ་རེད།
ཞིབ་གཅོད་བྱས་པ་བརྒྱུད། ཁྲིམས་ཁང་གིས་རེ་ཞུ་བྱ་ཡུལ་ཟླ་ཆེ་གེ་མོ་ནི་ཉི་ཆེ་གེ་མོའི་ཁྲིམས་བཀོད་ལྟ་སྐྱོང་བ་ཡིན་པའི་ཆ་ནས་ལྷ་ཆེ་གེ་མོ་གྲོངས་རྗེས་ཁོ་པས་ལྟ་སྐྱོང་བྱ་ཡུལ་ཉི་ཆེ་གེ་མོར་གསོ་སྐྱོང་གི་འོས་འགན་བསྒྲུབས་མེད་པ་རེད། ལྷ་ཆེ་གེ་མོ་གྲོངས་རྗེས་ཟླ་ཆེ་གེ་མོ་ནི་ཁྲིམས་བཀོད་ལྟ་སྐྱོང་བ་འབའ་ཞིག་དེ་ཡིན་པའི་ཆ་ནས། ལྟ་སྐྱོང་བྱ་ཡུལ་ཉི་ཆེ་གེ་མོར་འཚོ་བ་དང་། བདེ་ཐང་། སྡོད་ཁང་། བདེ་འཇགས་སོགས་ཐད་འགན་ལེན་བྱས་ཏེ་བདེ་ཐང་ངང་འཚར་ལོངས་ཡོང་བར་བྱེད་དགོས་མོད། འོན་ཀྱང་དོན་དངོས་ཐོག་འབྲེལ་ཡོད་རྩ་འཛུགས་དང་གཉེན་ཉེ་ཚོས་ལྟ་སྐྱོང་བྱ་ཡུལ་ཉི་ཆེ་གེ་མོར་སྔ་རྗེས་སུ་གནས་སྐབས་ལྟ་སྐྱོང་བྱས་པ་དང་། དེའི་རིང་ཟླ་ཆེ་གེ་མོས་ལྟ་སྐྱོང་གི་འགན་འཁྲི་མ་བསྒྲུབས་པས། ལྟ་སྐྱོང་བྱ་ཡུལ་ཉི་ཆེ་གེ་མོ་ཉེན་ཁའི་གནས་སུ་གྱར་བའི་ངོས་འཛིན་བྱས། ཟླ་ཆེ་གེ་མོའི་བྱེད་སྤྱོད་དེ《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་དོན་ཁྲིམས་གཞུང》གི་དོན་ཚན་སོ་དྲུག་པའི་ནང་གསེས་དང་པོའི་ཁག་གཉིས་པའི་ནང་གཏན་འབེབས་བྱས་པའི་ལྟ་སྐྱོང་བའི་ཐོབ་ཐང་མེད་པར་བཟོ་རྒྱུའི་གནས་ཚུལ་དང་མཐུན་ཡོད། མ་ཟད་ད་ཆ་ཟླ་ཆེ་གེ་མོར་ཉི་ཆེ་གེ་མོ་ལྟ་སྐྱོང་བྱེད་པའི་ནུས་པ་མེད་ཚུལ་བསྟན་པས། ཁྲིམས་ཁང་གིས་ལྟ་སྐྱོང་བྱ་ཡུལ་ཉི་ཆེ་གེ་མོར་ལྟ་སྐྱོང་བྱེད་པའི་ཟླ་ཆེ་གེ་མོའི་ཐོབ་ཐང་མེད་པར་བཟོ་རྒྱུའི་དཔྱད་མཚམས་བཏང་བ་རེད།
བཅར་འདྲི་དང་བརྟག་དཔྱད་བྱས་པ་བརྒྱུད། ཉི་ཆེ་གེ་མོའི་གཉེན་ཉེའི་ཁྲོད་ལྟ་སྐྱོང་གི་འགན་འཁུར་འདོད་བྱེད་མཁན་མེད་པའམ་ཡང་ན་ལྟ་སྐྱོང་བྱེད་པའི་ནུས་པ་མེད་པ་རེད། ཁྲིམས་ཁང་གིས་ལྟ་སྐྱོང་བྱ་ཡུལ་ཉི་ཆེ་གེ་མོའི་འདོད་བློ་དང་བསྟུན་ཐོག་ན་སོ་དར་ལ་མ་བབས་པའི་མིའི་ཁྲིམས་མཐུན་ཁེ་དབང་དེ་བས་ལེགས་པའི་སྒོ་ནས་སྲུང་སྐྱོང་ཐུབ་ཆེད། ཉི་ཆེ་གེ་མོ་གནས་སའི་གྲོང་ཚོ“ཨུ་ལྷན་གཉིས”ཀྱིས་ལྟ་སྐྱོང་བའི་འགན་ཁུར་ཚེ། ཉི་ཆེ་གེ་མོར་འཚོ་བ་ཡག་པོ་དང་བདེ་ཐང་ངང་འཚར་ལོངས་ཡོང་བའི་ཁོར་ཡུག་མཁོ་འདོན་བྱེད་ཐུབ་པ་མ་ཟད། འབྲེལ་ཡོད་སྡེ་ཚན་དང་མཐུན་སྦྱོར་བྱས་ནས་ཉི་ཆེ་གེ་མོའི་ཕྱིན་ཆད་ཀྱི་སློབ་གསོ་དང་། སྨན་བཅོས། སེམས་གསོ་སོགས་ཀྱི་གནད་དོན་ཐག་གཅོད་བྱེད་ཐུབ་པའི་ངོས་འཛིན་བྱས་པ་རེད། དེས་ན་ཉི་ཆེ་གེ་མོ་གནས་སའི་གྲོང་ཚོ“ཨུ་ལྷན་གཉིས”ཉི་ཆེ་གེ་མོའི་ལྟ་སྐྱོང་བར་གཏན་འཁེལ་བྱ་རྒྱུའི་དཔྱད་མཚམས་བཏང་བ་རེད།