ཁོར་ཡུག་སྲུང་སྐྱོང་ཡག་པོ་བྱས་ནས་བདེ་སྐྱིད་འཚོ་བར་རོལ།
—— ལྷོ་ཁ་གྲོང་ཁྱེར་རྒྱ་ཚ་རྫོང་གིས་ཁྲོམ་གཞུང་གི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་གི་བྱ་སྤྱོད་གཏིང་ཟབ་སྤེལ་བའི་མཐོང་ཐོས།
ཟླ་9པའི་མཚོ་བོད་ས་མཐོར་རྩི་ཤིང་སྔོ་ཐིང་ངེར་གནས་ནས་གང་སར་སྐྱེ་སྟོབས་ཀྱི་དཔལ་རབ་ཏུ་འབར་བཞིན་མཆིས། ལྷོ་ཁ་གྲོང་ཁྱེར་རྒྱ་ཚ་རྫོང་སྡོད་ཁང་འཛུགས་སྐྲུན་ཅུས(གྲོང་ཁྱེར་དོ་དམ་ཅུས)ཀྱི་ཅུས་ཀྲང་མིག་དམར་རྡོ་རྗེའི་སྣེ་ཁྲིད་འོག གསར་འགོད་པ་ཡར་ཀླུང་གཙང་པོའི་དབུས་རྒྱུད་ཀྱི་རོང་ཁུལ་དུ་གནས་པའི་རྒྱ་ཚ་རྫོང་དུ་བསྐྱོད་པ་ཡིན།
རྒྱ་ཚ་རྫོང་གྲོང་དུ་སྐྱོད་སྐབས་ཕྱོགས་གང་སར་ཡུལ་ལྗོངས་ཧ་ཅང་ལྟ་ན་སྡུག་པ་ཞིག་འདུག གློག་སྒུལ་སྦག་སྦག་དང་གད་སྙིགས་བླུག་སྣོད་གྲལ་འགྲིག་པོར་བཞག་པ་དང་། གཙང་ཞིང་གྲལ་འགྲིག་པའི་ཁྲོམ་གཞུང་ཆེ་ཆུང་གང་སར་འཁོར་རིགས་དང་འགྲུལ་པ་གོ་རིམ་ལྡན་པའི་ངང་རང་སོའི་ལམ་དུ་སྐྱོད་བཞིན་འདུག་ལ། ཕྱོགས་གང་སར་བག་ཕེབས་ལྷིང་འཇགས་ཀྱི་རྣམ་པས་ཁེངས་ཤིང་། མེ་ཏོག་དང་རྩི་ཤིང་ཧ་ཅང་མཛེས་སྡུག་ལྡན།
“རྒྱ་ཚ་དངོས་གནས་མཛེས་པོ་འདུག་ལ་ཁོར་ཡུག་ཀྱང་ཧ་ཅང་ཡག་པོ་འདུག”ཅེས་ཡུལ་ལྗོངས་འདི་དག་མཐོང་སྐབས་གསར་འགོད་པ་རང་དབང་མེད་པར་བསྔགས་བརྗོད་བྱེད་དགོས་བྱུང་།
“དེ་རང་རེད། འདི་ནི་རྒྱ་ཚ་རྫོང་གི་མང་ཚོགས་དང་ང་ཚོ་ལས་དོན་པས་ཐུན་མོང་ཐོག་འབད་བརྩོན་དང་དཀའ་ངལ་ལ་མ་འཛེམས་པར་འབད་འཐབ་བྱས་པ་ལས་བྱུང་བ་ཞིག་རེད”ཅེས་འཁྲིས་སུ་ཡོད་པའི་མིག་དམར་རྡོ་རྗེས་སྤོབས་པ་ཆེན་པོས་བརྗོད་པ་དང་། ཁོང་གིས། འདི་ལོ་ཚུན་དུ་རྒྱ་ཚ་རྫོང་སྡོད་ཁང་འཛུགས་སྐྲུན་ཅུས(གྲོང་ཁྱེར་དོ་དམ་ཅུས)དང་རྫོང་སྤྱི་བདེ་ཅུས(འགྲིམ་འགྲུལ་ཉེན་རྟོག་རུ་ཆེན)ཀྱིས་ངར་རབ་གྲོང་རྡལ་སྤང་དཀར་ཐང་སྡེ་ཁུལ་དང་གྲྭ་ཞོལ་སྡེ་ཁུལ་དང་མཉམ་དུ་འགྲིམ་འགྲུལ་ཁྲིམས་སྲོལ་ལས་འགལ་རིགས་དང་། ལམ་བཟུང་གཉེར་སྐྱོང་བྱེད་རིགས། ཁྲོམ་ལམ་དུ་རང་འདོད་ཚོང་གཉེར་བྱེད་རིགས་སོགས་ཀྱི་སྣང་ཚུལ་ལ་རྒྱུན་མཐུད་དམིགས་ནས་ཁྲོམ་གཞུང་གི་ཁོར་ཡུག་སྒྲིག་ལམ་ཕྱོགས་བསྡུས་བཅོས་སྒྲིག་བྱ་སྤྱོད་གཏིང་ཟབ་སྤེལ་ཡོད་ཅེས་གསར་འགོད་པར་ངོ་སྤྲོད་བྱས།
“ད་དུང་ང་ཚོའི་ཆེད་བསྐོས་དྲ་མིག་དོ་དམ་པ་དང་། དྲ་མིག་མི་དམངས་ཉེན་རྟོག་པ། ཁྲིམས་སྒྱུར་མི་སྣ་བཅས་ཀྱིས་དུད་ཚང་རེ་རེ་བཞིན་དུ་བསྐྱོད་དེ་གྲོང་མི་དང་ཚོང་པས《རྒྱ་ཚ་རྫོང་གི་འགྲིམ་འགྲུལ་ཁྲིམས་སྲོལ་ལ་དཔེ་བཟང་བརྩི་སྲུང་ཞུ་རྒྱུའི་ཁས་ལེན་ཡི་གེ》དང《རྒྱ་ཚ་རྫོང་གི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་གི‘སྒོ་འགྲམ་གྱི་འགན་གཙང་ལྔའི’འགན་འཁྲིའི་ཡི་གེར》མིང་རྟགས་བཀོད་ཡོད”ཅེས་མིག་དམར་རྡོ་རྗེས་གསར་འགོད་པར་བརྗོད་པ་དང་། ཁོང་གིས། མིང་རྟགས་འགོད་རིང་ལས་དོན་པས་རྒྱ་ཆེའི་མང་ཚོགས་ལ་འབྲེལ་ཡོད་གཏན་འབེབས་ཀྱི་ཞིབ་ཕྲའི་བླང་བྱ་དང་། འགན་འཁྲིའི་ཁྱབ་ཁོངས། འགན་འཁྲིའི་ནང་དོན་བཅས་འགྲེལ་བཤད་ཞིབ་ཕྲ་བརྒྱབ་པ་དང་། འགན་འཁུར་བར་སྒྲུབ་དགོས་པའི་འགན་འཁྲི་གསལ་བཤད་དང་དྲན་སྐུལ་བྱས་ཏེ་དམངས་ཡོངས་གྲོང་ཁུལ་དོ་དམ་ལ་ཞུགས་པའི་སྤྲོ་སེམས་རྒྱུན་ཆད་མེད་པར་འཕེལ་བར་བྱས་ནས“སྡེ་ཁུལ་གྱི་དོ་དམ་ནི་མི་ཚང་མར་འགན་འཁྲི་ཡོད་པའི”རྣམ་པ་བཟང་པོ་ཞིག་ཧུར་ཐག་བཏོད་ཡོད་ཅེས་བརྗོད།
བཅར་འདྲི་བྱེད་རིང་། ད་དུང་གསར་འགོད་པར་ཤེས་རྟོགས་བྱུང་བར། རྒྱ་ཚ་རྫོང་སྡོད་ཁང་འཛུགས་སྐྲུན་ཅུས(གྲོང་ཁྱེར་དོ་དམ་ཅུས)དང་སྤྱི་བདེ་ཅུས(འགྲིམ་འགྲུལ་ཉེན་རྟོག་རུ་ཆེན)ཀྱིས་རྒྱུན་གཏན་ཁྲོམ་གཞུང་ལ་རྒྱུན་རྣམ་ཅན་གྱི་སྐོར་ཞིབ་མཐའ་གཅིག་ཏུ་ཡག་པོ་བྱས་ཏེ་འགྲོ་ལམ་གཡས་གཡོན་དུ་སྒྲིག་འགལ་ངང་བཞག་པའི་འཕྲུལ་སྒུལ་འཁོར་རིགས(འཕྲུལ་སྒུལ་མིན་པའི་འཁོར་རིགས)དང་། ལག་ཁྱེར་མེད་པར་རླངས་འཁོར་གཏོང་རིགས། སྦག་ཞྭ་གྱོན་མེད་རིགས། ཚོང་ཁང་གི་ཕྱི་རོལ་དུ་གཉེར་སྐྱོང་བྱེད་པ་དང་ཚོང་ཁང་གི་སྒོ་འགྲམ་དུ་ཅ་དངོས་སྤུངས་པའི་ཚོང་པ་བཅས་དང་འཕྲལ་མར་འབྲེལ་གཏུག་བྱས་ནས། འབྲེལ་ཡོད་ཁྲིམས་འགལ་བྱེད་སྤྱོད་བཅོས་སྒྲིག་ནན་པོ་བྱས་ཡོད།
ཁུལ་ཆུང་རྙིང་པ་སྒྱུར་བཀོད་དང་། བདེ་འཇགས་ཐོན་སྐྱེད། ཁོར་ཡུག་བཅོས་སྐྱོང་སོགས་ཀྱི་གཙོ་གནད་ལས་དོན་དང་ཟུང་འབྲེལ་བྱས་ཏེ་རྒྱ་ཚ་རྫོང་ཨུད་སྲིད་ཁྲིམས་ཨུ་ལྷན་དང་། རྫོང་རང་བྱུང་ཐོན་ཁུངས་ཅུས། རྫོང་མེ་ཟོན་རོགས་སྐྱོབ་ཅུས། རྫོང་སྡོད་མལ་གཞུང་ལས་ཁང་། ཁྲོམ་ཁུལ་ཁག་གི་དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་བཅས་ཀྱིས་མཉམ་དུ་སྡེ་ཚན་གྱི་མཉམ་སྒྲུབ་ལམ་སྲོལ་གྱི་ནུས་པ་བཏོན་ཏེ་གྲོང་ཁུལ་གྱི་གད་སྙིགས་རིགས་དབྱེ་དྲིལ་བསྒྲགས་དང་། སོལ་རླངས་བདེ་འཇགས་ཞིབ་བཤེར། རླངས་འཁོར་འཇོག་སའི་སྒྲིག་ལམ་དོ་དམ་སོགས་ཀྱི་ཆེད་དོན་བྱ་སྤྱོད་ཧུར་ཐག་སྤེལ་ནས་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་རེ་ཞུའི་གནད་དོན་ཐག་གཅོད་ནུས་ལྡན་བྱས་པ་དང་། གྲོང་ཁུལ་གྱི་དོ་དམ་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་བས་རྒྱ་ཆེའི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཆེ་རུ་ཕྱིན་ཡོད།
“ང་ཚོས་གྲོང་ཁྱེར་དོ་དམ་ལས་དོན་སྒྲུབ་སྟངས་གསར་པ་རྒྱུན་ཆད་མེད་པར་གསར་གཏོད་བྱས་ནས་དུས་དང་རྣམ་པ་ཀུན་ཏུ་གྲོང་ཁྱེར་གྱི་ཤེས་དཔལ་ལ་ཤུགས་སྣོན་རྒྱག་པ་དང་རྒྱ་ཚ་རྫོང་གི་ཁོར་ཡུག་སྤུས་ཚད་རྒྱུན་མཐུད་མཐོ་རུ་བཏང་སྟེ། རྒྱ་ཆེའི་མང་ཚོགས་ལ་གཙང་སྦྲ་དོད་པ་དང་བདེ་འཇགས་སྐྱིད་སྣང་དོད་པའི་འཚོ་བའི་ཁོར་ཡུག་གཏོད་ཀྱི་ཡིན”ཞེས་མིག་དམར་རྡོ་རྗེས་བརྗོད་པ་རེད།