ཁ་རུབ་ཆུས་སྤྱི་བདེ་ཅུས་ཀྱིས།
རྐུ་མ་བརྐུས་པའི་གྱོད་གཞི་ཚབས་ཆེན་ཞིག་རྩད་བཅད་པ།
ཉེ་ཆར། ཁ་རུབ་ཆུས་སྤྱི་བདེ་ཅུས་ཀྱིས་ཁང་པའི་ནང་དུ་འཛུལ་ནས་རྐུ་མ་བརྐུས་པའི་གྱོད་གཞི་ཚབས་ཆེན་ཞིག་བདེ་བླག་ངང་རྩད་བཅད་དེ། ཉེས་གསོག་དོགས་ཅན་2བཟུང་ནས་དབྱར་རྩྭ་དགུན་འབུ་རྐང་3000ལྷག་ཙམ་དང་སྤོས་ཤེལ་སོགས་བོད་ལུགས་རྒྱན་ཆ་མང་པོ་འདེད་ལེན་ཐུབ་པས་དབྱར་དུས་ཀྱི་བྱ་སྤྱོད་ལ་གྲུབ་འབྲས་གསར་པ་ཐོབ་ཡོད་པ་རེད།
ཉེ་ཆར། ཁ་རུབ་ཉེན་རྟོག་ཕྱོགས་ལ་ཕུར་ཆེ་གེ་མོས་སྙན་སེང་ཞུས་དོན། ཁྱིམ་གྱི་བཙན་སྒམ་ནང་གི་རིན་ཐང་སྒོར་ཁྲི་64ཙམ་རི་བའི་དབྱར་རྩྭ་དགུན་འབུ་རྐང་3000ལྷག་ཙམ་དང་བོད་ལུགས་རྒྱན་ཆ་མང་པོ་རྐུ་ལ་ཤོར་འདུག་པས་མི་དམངས་ཉེན་རྟོག་པས་བརྟག་དཔྱད་བྱེད་རོགས་ཞུས། གྱོད་དོན་སྙན་སེང་འབྱོར་རྗེས། ཁ་རུབ་ཆུས་སྤྱི་བདེ་ཅུས་ཀྱིས“གང་མགྱོགས་མྱུལ་ཞིབ་དང་གང་མགྱོགས་རྩད་གཅོད། ནུས་ཤུགས་ཡོད་རྒུས་བརྐུས་ནོར་འདེད་ལེན”གྱི་རྩ་དོན་གཞིར་བཟུང་། འཕྲལ་དུ་གྱོད་དོན་མྱུལ་ཞིབ་ཐག་གཅོད་ལས་དོན་སྤེལ་ཏེ་གྱོད་སྒྲུབ་མི་དམངས་ཉེན་རྟོག་པ་ཁོངས་གཏོགས་ཁུལ་དུ་བསྐྱོད་རྒྱུ་སྒྲིག་འཛུགས་བྱས་ནས། ས་གནས་ས་ཐོག་ཏུ་རྩད་ཞིབ་དང་འདྲི་རྩད་གྲལ་བཤེར་སོགས་ཀྱི་ལས་དོན་སྤེལ་ཞིང་། ཆབ་མདོ་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱི་རྒྱབ་སྐྱོར་ཤུགས་ཆེན་འོག ཉེས་གསོག་དོགས་ཅན་གཉིས་ཉེན་རྟོག་ཕྱོགས་ཀྱིས་རྩད་ཆོད་པ་རེད། ཉེས་གསོག་དོགས་ཅན་གཉིས་ཀྱི་ཡིབ་ས་གཏན་འཁེལ་བྱུང་རྗེས་ཁ་རུབ་ཆུས་སྤྱི་བདེ་ཅུས་ཀྱི་མི་དམངས་ཉེན་རྟོག་པས་སྐབས་བསྟུན་ཐབས་སྒྱུར་དང་འཕྲལ་ཐག་ཆོད་པོས་བྱ་སྤྱོད་སྤེལ་ནས་ཉེས་གསོག་དོགས་ཅན་གཉིས་བདེ་བླག་ངང་བཟུང་བ་རེད།
མིག་སྔར། ཉེས་གསོག་དོགས་ཅན་བསོད་ཆེ་གེ་མོ་དང་སྤེན་ཆེ་གེ་མོ་ཁ་རུབ་ཆུས་སྤྱི་བདེ་ཅུས་ཀྱིས་ཁྲིམས་ལྟར་ཉེས་དོན་བཀག་ཉར་བྱས་པ་དང་། བརྐུས་དངོས་དབྱར་རྩྭ་དགུན་འབུ་རྐང་3283དང་། སྤོས་ཤེལ་འདྲ་བ་7 བོད་ལུགས་རྒྱན་ཆ་10སོགས་ཚང་མ་འདེད་ལེན་ཐུབ་ཡོད། གྱོད་འབྲེལ་རླངས་འཁོར་དང་བརྐུས་དངོས་ཁྲིམས་ལྟར་བཙན་ཉར་བྱས་པ་དང་གྱོད་དོན་སྔར་བས་སྒྲུབ་བཞིན་ཡོད་པ་རེད།