དམངས་ཡོངས་མཉམ་འགོག་མཉམ་བཅོས་ལ་ཞུགས་པ།
—— ལྷ་རྩེ་རྫོང་སྤྱི་བདེ་ཅུས་ཀྱི་འགྲིམ་འགྲུལ་བདེ་འཇགས་ཀྱི་ཉེན་ཁ་བཅོས་སྒྲིག་གི་བྱ་སྤྱོད་ལ་ཕན་འབྲས་དངོས་ཐོན་པ།
དབྱར་དུས་ཀྱི་འགྲིམ་འགྲུལ་བདེ་འཇཌ་ཀྱི་མངོན་གསལ་དོད་པའི་ཉེན་ཁ་བཅོས་སྒྲིག་གི་བྱ་སྤྱོད་སྤེལ་ཚུན། ལྷ་རྩེ་རྫོང་ཁོངས་གཏོགས་སུ་ཉིན་རེར་ཆ་སྙོམས་རླངས་འཁོར་འགྲོ་འོང་བྱེད་ཚད་ཐེངས་8500ལྷག་ཙམ་ཟིན་པ་དང་། ཨུ་ཚུགས་ཀྱིས་རླངས་འཁོར་མདུན་མ་ལས་བརྒལ་བ་དང་། མྱུར་ཚད་ལས་བརྒལ་ནས་གཏོང་བ། ངལ་དུབ་ངང་རླངས་འཁོར་གཏོང་བ་སོགས་ཀྱི་ཁྲིམས་འགལ་བྱེད་སྤྱོད་མང་པོ་ཐོན་ནས་འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་ལ་འགྲན་སློང་ཆེན་པོ་བཟོས་ཡོད།
གནས་ཚུལ་དེར་དམིགས་ནས་ལྷ་རྩེ་རྫོང་སྤྱི་བདེ་ཅུས་ཀྱིས་འཕྲལ་མར་བྱ་སྤྱོད་སྤེལ་ཏེ། འགྲིམ་འགྲུལ་ཉེན་རྟོག་པ་དང་། དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས། ཤང་གྲོང་ཁག་གི་མངགས་གཏོང་ཁང་། ཅུས་ལས་ཁུངས་བཅས་དང་མཉམ་དུ་མི་དམངས་ཉེན་རྟོག་པ་མངགས་ནས་རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་གཞུང་ལམ་གྱི“ཚད་བརྒལ་གསུམ་དང་ངལ་དུབ་གཅིག”དང་། ར་བཟི་འཁོར་གཏོང་། འཁོར་བྱང་དང་ལག་ཁྱེར་མེད་པ་སོགས་འགྲིམ་འགྲུལ་ཁྲིམས་འགལ་བྱེད་སྤྱོད་ལ་ཞིབ་བཤེར་དང་དོ་དམ་ནན་པོ་བྱས་པ་རེད།
ད་ཐེངས་ཀྱི་བྱ་སྤྱོད་ནང་འགྲིམ་འགྲུལ་ཁྲིམས་འགལ་བྱེད་སྤྱོད་ཁག་2327ཞིབ་བཤེར་ཐག་གཅོད་བྱས་པའི་ཁྲོད། ཆང་བཏུངས་འཁོར་གཏོང་གི་བྱེད་སྤྱོད་ཁག་7དང་ལག་ཁྱེར་མེད་པར་རླངས་འཁོར་གཏོང་བའི་བྱེད་སྤྱོད་ཁག་15ཟིན་ནས་འགྲིམ་འགྲུལ་ལས་འཛོལ་མ་བྱུང་སྔོན་འགོག་ནུས་ལྡན་ཐུབ་ཡོད་པ་རེད།
དེ་དང་ཆབས་ཅིག་ཅུས་དེས་སྤྱི་བདེའི་སྣེ་ཁྲིད་ནུས་པ་གང་ལེགས་བཏོན་ཏེ་གཞི་རིམ་གྱི་གྲོང་སྡོད་དང་། གྲོང་ཚོའི་ལས་བྱེད་པ། དྲ་མིག་ལས་དོན་པ། འགྲིམ་འགྲུལ་ཁ་ཏ་སློབ་སྟོན་པ་བཅས་དང་དེ་བཞིན་ཤང་གྲོང་ཕྱོགས་བསྡུས་བཅོས་སྐྱོང་གཞུང་དོན་ཁང་དང་མཉམ་ལས་བྱས་ནས། གྲོང་གསེབ་ཀྱི་སྦག་སྦག་དང་གློག་སྒུལ་འཁོར་རིགས་ཀྱིས་ཁྲིམས་འགལ་ངང་མི་བསྐྱོན་པ་དང་། སྦག་ཞྭ་གྱོན་མེད་པ། འཁོར་བྱང་དང་ལག་ཁྱེར་མེད་པ་སོགས་ཀྱི་འགྲིམ་འགྲུལ་གྱི་ཁྲིམས་འགལ་བྱེད་སྤྱོད་ཞིབ་བཤེར་དང་ཡོ་བསྲང་བྱས་པ་རེད། མཉམ་འགོག་མཉམ་བཅོས་ཀྱི་རྣམ་པ་དེ་རིགས་ཀྱིས་འགྲིམ་འགྲུལ་བདེ་འཇགས་ཀྱི་དོ་དམ་ཆུ་ཚད་མཐོ་རུ་བཏང་ཡོད། མིག་སྔའི་བར་འགྲིམ་འགྲུལ་བདེ་འཇགས་ཀྱི་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་ཐེངས་49སྒྲིག་འཛུགས་བྱས་པ་དང་། དྲིལ་བསྒྲགས་དཔྱད་གཞི་ཁག་3800ལྷག་ཙམ་དང་བདེ་འཇགས་ཀྱི“དྲན་སྐུལ་གཱ”9700ལྷག་ཙམ་སྤྲད་པར་མང་ཚོགས་18000ལྷག་ཙམ་ལ་དྲིལ་བསྒྲགས་དང་སློབ་གསོ་ཐེབས་ཡོད།