གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་ཁྲིམས་ཁང་གིས།
ཁ་བསླུས་ཀྱི་གྱོད་གཞི་ཞིག་གི་འདྲི་ཞིབ་མཇུག་བསྒྲིལ་བ།
ཉེ་ཆར། གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་མི་དམངས་ཁྲིམས་ཁང་གིས་འགྲིམ་འགྲུལ་འོས་ཐོབ་གཉེར་རོགས་བྱེད་པར་བརྟེན་ནས་ཁ་བསླུས་གཏོང་བའི་གྱོད་གཞི་ཞིག་གི་འདྲི་ཞིབ་མཇུག་བསྒྲིལ་ཞིང་། ཞུ་སྦྱོར་ཕྱི་མ་བཀྲ་ཆེ་གེ་མོ་ཁྲིམས་ལྟར་དུས་བཀག་བཙོན་འཇུག་ལོ་གསུམ་དང་ཟླ་བ་གཉིས་བྱས་པ་དང་ཆབས་ཅིག དངུལ་ཆད་མི་དམངས་ཤོག་སྒོར་5000བཅད་པ་དང་ཁྲིམས་འགལ་གྱི་ཐོབ་ཆ་ཕྱིར་སློག་བྱེད་དགོས་པའི་ཁྲིམས་ཐག་བཅད་པ་རེད།
2019ལོར་ཞུ་སྦྱོར་ཕྱི་མ་བཀྲ་ཆེ་གེ་མོ་དང་གནོད་འཚེ་ཕོག་པའི་བསྟན་ཆེ་གེ་མོ་གཉིས་ཀྱིས་སྐད་འཕྲིན་བརྒྱུད་གཞིས་རྩེའི་ཇ་ཁང་ཞིག་ཏུ་ཐུག་རྒྱུའི་ཁ་ཆད་བྱས་པ་དང་། ཁ་བརྡ་གློད་སྐབས་བཀྲ་ཆེ་གེ་མོས་བསྟན་ཆེ་གེ་མོར་འགྲིམ་འགྲུལ་གྱི་འོས་ཐོབ་གཉེར་བའི་བསམ་ཚུལ་ཡོད་པ་ཤེས་རྗེས། རང་ཉིད་ལ་ངོ་ཤེས་ཡོད་པས་ཁྱོད་ལ་འགྲིམ་འགྲུལ་གྱི་འོས་ཐོབ་གཉེར་ཆོག་ཅེས་རྫུན་བཤད་པས། བཀྲ་ཆེ་གེ་མོའི་སྐད་ཆར་ཡིད་ཆེས་ནས་བསྟན་ཆེ་གེ་མོས་དངུལ་སྤྲད་དེ་འབྲེལ་ཡོད་ཀྱི་འོས་ཐོབ་རག་པའི་རེ་བ་བཅངས། 2019ལོ་དང་2020ལོར་སྔ་རྗེས་སུ་སྐད་འཕྲིན་དང་ATMའཕྲུལ་ཆས་སོགས་ཀྱི་ཐབས་ལམ་བརྒྱུད་ནས་བཀྲ་ཆེ་གེ་མོར་ཁྱོན་དངུལ་སྒོར་133000བསྒྱུར་པ་རེད།
ཁྲིམས་ཁང་གིས་ཞིབ་གཅོད་བྱས་པ་བརྒྱུད། ཞུ་སྦྱོར་ཕྱི་མ་བཀྲ་ཆེ་གེ་མོས་ཁྲིམས་འགལ་བདག་བཟུང་དམིགས་ཡུལ་དུ་བྱས་ཏེ་མི་གཞན་གྱི་རྒྱུ་ནོར་གཡོ་ལེན་བྱས་པའི་གྲངས་འབོར་ཧ་ཅང་མང་བ་དང་དེའི་བྱེད་སྤྱོད་ཉེས་དོན་ཁྲིམས་ལུགས་དང་འགལ་ནས་ཁ་བསླུས་ཀྱི་ཉེས་པ་བསགས་པས། གཞུང་གཏུག་ལས་ཁུངས་ཀྱིས་ཞུ་སྦྱོར་ཕྱི་མར་ཉེས་བགྲང་ཞུ་གཏུག་བྱས་པའི་ཉེས་མིང་གྲུབ་ཡོད། ཞུ་སྦྱོར་ཕྱི་མ་བཀྲ་ཆེ་མོའི་ཉེས་གསོག་བྱེད་སྤྱོད་དེ་གནོད་འཚེ་ཕོག་པའི་བསྟན་ཆེ་གེ་མོས་གྱོད་དོན་སྙན་སེང་ཞུས་རྗེས། མྱུལ་ཞིབ་ལས་ཁུངས་ཀྱིས་ཁྲིམས་ལྟར་འབོད་འགུག་བྱས་པ་དང་། ཞུ་སྦྱོར་ཕྱི་མས་ཉེས་གསོག་གི་དོན་དངོས་ཇི་མ་ཇི་བཞིན་ངོས་ལེན་བྱས་པ་མ་ཟད། ཁྲིམས་སར་འདྲི་གཅོད་བྱེད་སྐབས་ཁྲིམས་འགལ་ཉེས་གསོག་གི་དོན་དངོས་དག་སྦ་གསང་མེད་པར་ངོས་ལེན་ཞུས་ཏེ་ཉེས་པ་དང་ཉེས་ཆད་ཁས་ལེན་ཡི་གེར་རང་མོས་ངང་མིང་རྟགས་བཀོད་ཡོད་པས། བྱས་ཉེས་ཚད་འབེབས་བྱེད་སྐབས་ཉེས་ཆད་ཡང་པོ་གཅོད་རྒྱུའི་ངོས་འཛིན་བྱས་པ་རེད།
《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་ཁྲིམས》ཀྱི་དོན་ཚན་ཉིས་བརྒྱ་རེ་དྲུག་པ་དང་དོན་ཚན་རེ་བདུན་པའི་ནང་གསེས་དང་པོ་དང་། དོན་ཚན་ང་གཉིས་པ། དོན་ཚན་ང་གསུམ་པ། དོན་ཚན་རེ་བཞི་པ་བཅས་དང་། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་དོན་གཏུག་བཤེར་བཅའ་ཁྲིམས》ཀྱི་དོན་ཚན་བཅོ་ལྔ་པ་དང་། དེ་བཞིན་ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི《ཁ་བསླུས་ཀྱི་ཉེས་དོན་གྱོད་གཞི་སྒྲུབ་པར་བཅའ་ཁྲིམས་ཞིབ་ཕྲ་སྤྱོད་པའི་གནད་དོན་འགའ་ཞིག་སྐོར་གྱི་འགྲེལ་བཤད》ཀྱི་དོན་ཚན་དང་པོའི་གཏན་འབེབས་གཞིར་བཟུང་། བཀྲ་ཆེ་གེ་མོའི་ཉེས་གསོག་གནས་ཚུལ་དང་ཟུང་འབྲེལ་གྱིས་ཁྲིམས་ཐག་བཅད་པ་སྟེ། གཅིག ཞུ་སྦྱོར་ཕྱི་མ་བཀྲ་ཆེ་གེ་མོས་ཁ་བསླུས་བརྒྱབ་པའི་ཉེས་པ་བསགས་པས་དུས་བཀག་བཙོན་འཇུག་ལོ་གསུམ་དང་ཟླ་བ་གཉིས་བྱ་རྒྱུ་དང་སྦྲགས་དངུལ་ཆད་སྒོར་5000གཅོད་རྒྱུ་དང་། གཉིས། ཁ་བསླུས་བརྒྱབ་ནས་ཐོབ་པའི་ཞུ་སྦྱོར་ཕྱི་མ་བཀྲ་ཆེ་གེ་མོའི་ཁྲིམས་འགལ་དངུལ་སྒོར་133000མུ་མཐུད་བདའ་འདེད་གཏོང་བ་དང་འབྲེལ་གནོད་འཚེ་ཕོག་པའི་བསྟན་ཆེ་གེ་མོར་སྤྲོད་དུ་བཅུག་པ་རེད།