དབུ་ཤོག>ཁྲིམས་ལུགས།>ཁྲིམས་སྐྱོང་དོ་རྭ།
  • ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱིས།

    ཕོ་བྲང་པོ་ཏ་ལའི་མཐའ་འཁོར་གྱི་ཟང་ཟིང་སྣང་ཚུལ་ཆེད་དོན་བཅོས་སྒྲིག་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2024-09-03

    རྫོང་རྒྱབ་ཀླུ་ཁང་གི་ཤར་སྒོའི་ཉེ་འགྲམ་གྱི་ཚོང་པ་ཉི་ཚེ་བ་ཡིན་པ།

    ཁྲིམས་སྒྱུར་མི་སྣས་རྫོང་རྒྱབ་ཀླུ་ཁང་གི་རླངས་འཁོར་འཇོག་སའི་ཚོང་པ་ཉི་ཚེ་བར་ས་གནས་དེ་ནས་ཁ་བྲལ་དགོས་པའི་ཁ་ཏ་བསླབ་བྱ་བྱེད་བཞིན་པ།

    ཁྲིམས་སྒྱུར་མི་སྣས་ཚོང་པ་ཉི་ཚེ་བར་ས་གནས་དེ་ནས་ཁ་བྲལ་དགོས་པའི་ཁ་ཏ་བསླབ་བྱ་བྱེད་བཞིན་པ།

    ཡུལ་སྐོར་བ་མང་བའི་དུས་ཀྱི་ལྷ་སར་རྒྱལ་ཡོངས་ས་གནས་ཁག་ནས་ཡོང་བའི་ཡུལ་སྐོར་བ་གང་སར་མཐོང་རྒྱུ་ཡོད། ཡུལ་སྐོར་བ་མང་དུ་ཕྱིན་པ་དང་བསྟུན་ནས་རྗེས་འདེད་བཏང་ནས་ཅ་དངོས་འཚོང་མཁན་དང་ཚོང་པ་ཉི་ཚེ་བ་སོགས་ཟང་ཟིང་གི་སྣང་ཚུལ་ཡང་ཡང་ཐོན་གྱི་ཡོད། འདི་ལོའི་ཟླ་6པ་ནས་བཟུང་། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་གྲོང་ཁྱེར་དོ་དམ་ཅུས་ཀྱིས་སྣེ་ཁྲིད་དེ་སྡེ་ཚན་མང་པོ་དང་མཉམ་དུ་ཕོ་བྲང་པོ་ཏ་ལའི་མཐའ་འཁོར་གྱི་ཟང་ཟིང་གི་གནད་དོན་ཆེད་དོན་བཅོས་སྒྲིག་ལས་དོན་གྱི་ཆེད་དོན་ཚན་ཁག་བཙུགས་ཡོད། མིག་སྔར། ཕོ་བྲང་པོ་ཏ་ལའི་མཐའ་འཁོར་གྱི་ཟང་ཟིང་སྣང་ཚུལ་བཅོས་སྒྲིག་ལ་ཕན་འབྲས་གང་འདྲ་ཐོན་ཡོད་དམ། བཅོས་སྒྲིག་བྱེད་པའི་བརྒྱུད་རིམ་ནང་དཀའ་གནད་གང་དག་འཕྲད་ཡོད་དམ། གོམ་སྟབས་རྗེས་མར་འབྲེལ་ཡོད་སྡེ་ཚན་གྱིས་བྱེད་ཐབས་གང་ཞིག་སྤྱོད་རྩིས་ཡོད་དམ། གནད་དོན་དེ་དག་སྐོར་ལ་གསར་འགོད་པས་བཅར་འདྲི་བྱས་པ་ཡིན།

    བཅོས་སྒྲིག་གི་ཕན་འབྲས་མངོན་གསལ་དོད་པོ་ཐོན་པ།

    རྗེས་འདེད་བཏང་ནས་ཅ་དངོས་འཚོང་མཁན་གྱི་སྣང་ཚུལ་མངོན་གསལ་དོད་པོས་ཉུང་དུ་ཕྱིན་པ།

    སྔ་དྲོའི་ཆུ་ཚོད་11པར། ཕོ་བྲང་པོ་ཏ་ལའི་ལྷོ་སྒོའི་འཛུལ་སྒོའི་མདུན་དུ་ཡུལ་སྐོར་བ་ཚོས་གོ་རིམ་ལྡན་པའི་ངང་བང་བསྒྲིགས་ནས་བདེ་འཇགས་ཞིབ་བཤེར་དང་ལེན་བྱེད་པ་དང་དུས་མཚུངས། གྲོང་མི་དང་ཡུལ་སྐོར་བ་མི་ཉུང་བ་ཞིག་ཀྱང་དེ་གར་དྲན་རྟེན་པར་རྒྱག་གི་འདུག གསར་འགོད་པས་ས་གནས་ས་ཐོག་ནས་ལྟ་ཞིབ་བྱས་པར། དེ་སྔ་དང་བསྡུར་ན། ལག་ཏུ་ལག་ཤེས་བཟོ་རྩལ་ཐོན་རྫས་སྣ་ཚོགས་ཁྱེར་ནས་ཡུལ་སྐོར་བ་རྗེས་འདེད་བཏང་སྟེ་འཚོང་མཁན་མངོན་གསལ་དོད་པོས་ཉུང་དུ་ཕྱིན་ཡང་མི་ཚོགས་ཁྲོད་ད་དུང་ཡུལ་སྐོར་བར་ཕྲེང་བ་དང་མགུལ་རྒྱན་སོགས་ལག་ཤེས་བཟོ་རྩལ་ཐོན་རྫས་ལྐོག་ཏུ་འཚོང་མཁན་མང་པོ་འདུག ཁོ་ཚོས་སྐོར་གཡེང་བྱེད་མཁན་ཁྲིམས་སྒྱུར་མི་སྣ་མཐོང་ཚེ་མགྱོགས་མྱུར་བྲོས་འགྲོ་གི་ཡོད།

    གཞན་ཡང་། ཉེ་བའི་ལོ་ཤས་རིང་། ཡུལ་སྐོར་པར་ལེན་ལས་རིགས་དར་རྒྱས་ཕྱིན་པ་དང་བསྟུན་ནས་ཡུལ་སྐོར་པར་ལེན་ཚོང་ཁང་ཁག་གཅིག་གིས་འགྲུལ་པ་རག་ཐབས་བྱ་ཆེད། མི་གླས་ནས་ཕོ་བྲང་པོ་ཏ་ལའི་ཉེ་འཁོར་དུ་འགྲུལ་པ་འགུག་ཐབས་བྱེད་ཀྱི་ཡོད། འགྲན་རྩོད་ངན་པ་དེ་རིགས་ཀྱིས་གྲོང་ཁྱེར་གྱི་ཡུལ་སྐོར་ཁྲོམ་རའི་གཟུགས་བརྙན་ལ་གནོད་པ་མ་ཟད། ཡུལ་སྐོར་བའི་ཡུལ་སྐོར་ཉམས་ལེན་ལའང་ཤུགས་རྐྱེན་ངན་པ་བཟོ་གི་ཡོད་པ་རེད། དེའི་ཐད་ཆེད་དོན་ཚན་ཁག་གིས་དུས་ཐོག་ཏུ་བཀག་འགོག་བྱས་པ་མ་ཟད། འབྲེལ་ཡོད་ཚོང་པར་ཁ་ཏ་བསླབ་བྱ་དང་སློབ་གསོ་ཡང་བརྒྱབ་པ་རེད།

    སྡེ་ཚན་མཉམ་འགུལ་གྱིས་ཆེད་དོན་ཚན་ཁག་བཙུགས་པ།

    ཟང་ཟིང་གི་སྣང་ཚུལ་སྣ་ཚོགས་གཙང་བཤེར་བཅོས་སྒྲིག་བྱས་པ།

    གསར་འགོད་པས་ཤེས་རྟོགས་བྱས་པར་གཞིགས་ན། ད་ཐེངས་ཀྱི་ཆེད་དོན་བཅོས་སྒྲིག་བྱ་སྤྱོད་དེ་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་གྲོང་ཁྱེར་དོ་དམ་ཅུས་ཀྱིས་སྣེ་ཁྲིད་པ་དང་། ཕོ་བྲང་པོ་ཏ་ལའི་ཐང་ཆེན་དོ་དམ་ཁྲུའུ་དང་། ཁྲེང་ཀོན་ཆུས་ཁྲོམ་ར་ལྟ་འདོམས་ཅུས། ཕོ་བྲང་པོ་ཏ་ལ་ཐང་ཆེན་མངགས་གཏོང་ཁང་། རྗེ་འབུམ་སྒང་ཁྲོམ་གཞུང་ལྕགས་པོ་རི་སྡེ་ཁུལ་སོགས་སྡེ་ཚན་མང་པོ་དང་མཉམ་འབྲེལ་བྱས་ནས་མི་སྣ་སྐོང་འཐེན་གྱིས་ཕོ་བྲང་པོ་ཏ་ལའི་མཐའ་འཁོར་གྱི་ཟང་ཟིང་སྣང་ཚུལ་ཆེད་དོན་བཅོས་སྒྲིག་ལས་དོན་གྱི་ཆེད་དོན་ཚན་ཁག་བཙུགས་པ་རེད།

    ཕོ་བྲང་པོ་ཏ་ལའི་མཐའ་འཁོར་གྱི་ཟང་ཟིང་སྣང་ཚུལ་ཆེད་དོན་བཅོས་སྒྲིག་ལས་དོན་གྱི་ཆེད་དོན་ཚན་ཁག་འདི་ལོའི་ཟླ་5པར་བཙུགས་ཚུན། མིག་སྔའི་བར། ཚོང་པ་ཉི་ཚེ་བ་1239དང་། རྗེས་འདེད་བཏང་ནས་ཅ་དངོས་འཚོང་མཁན་1368 ལམ་བཟུང་ནས་གཉེར་སྐྱོང་བྱེད་མཁན་948 འགྲུལ་པ་དབོར་མཁན་འཁོར་གསུམ་སྦག་སྦག་367 དངུལ་སིལ་མ་བརྗེ་མཁན་865 དེ་བཞིན་ཡུལ་སྐོར་པར་ལེན་གྱི་ཚུལ་མིན་གཉེར་སྐྱོང་བ་569བཅས་གཙང་བཤེར་བཅོས་སྒྲིག་བྱས་པ་རེད།

    གྲངས་གཞི་དེ་དག་ནི་ཆེད་དོན་ཚན་ཁག་གི་ཁོངས་མི་ཚོས་དཀའ་སྤྱད་འབད་བརྩོན་ལྷོད་མེད་བྱས་པའི་གྲུབ་འབྲས་ཤིག་རེད།

    ཁྲིམས་སྒྱུར་ཐད་ལྷག་པའི་དཀའ་གནད་ཐག་གཅོད་ཐུབ་པ།

    ཟང་ཟིང་སྣང་ཚུལ་བཅོས་སྒྲིག་བྱེད་པའི་ཐད་ཀྱི་དཀའ་གནད་ཇི་ལྟར་བསལ་ཡོད་དམ།

    ཚོང་པ་ཉི་ཚེ་བ་ཚད་ལྡན་ངང་ཁྲིད་སྟོན་བྱེད་པ་ནས་ལམ་བཟུང་གཉེར་སྐྱོང་བྱེད་མཁན་བཙན་ཤེད་ཀྱིས་མེད་པར་བཟོ་བའི་བར་དང་། རྗེས་འདེད་བཏང་ནས་ཅ་དངོས་འཚོང་མཁན་བཅོས་སྒྲིག་བྱེད་པ་ནས་ཡུལ་སྐོར་པར་ལེན་གྱི་ཚུལ་མིན་གཉེར་སྐྱོང་བྱེད་སྤྱོད་དག་ཐེར་བྱེད་པའི་བར། མིག་སྔར། ཕོ་བྲང་པོ་ཏ་ལའི་མཐའ་འཁོར་གྱི་ཟང་ཟིང་སྣང་ཚུལ་ཆེད་དོན་བཅོས་སྒྲིག་ལས་དོན་ལ་ཕན་འབྲས་ངེས་ཅན་ཐོན་ཡོད། འོན་ཀྱང་ཁྲིམས་སྒྱུར་གྱི་བྱ་ཐབས་སྣ་གཅིག་ཡིན་པ་དང་འབྲེལ་ཡོད་བཅའ་ཁྲིམས་ལམ་ལུགས་དེ་ཙམ་འཐུས་སྒོ་ཚང་པོ་མེད་པའི་དབང་གིས་ཚོང་པ་ཉི་ཚེ་བ་དང་ལམ་བཟུང་གཉེར་སྐྱོང་གི་སྣང་ཚུལ་བཅོས་སྐྱོང་ཐད་བརྒྱུད་རིམ་ནང་དཀའ་གནད་མང་པོ་འཕྲད་ཀྱི་ཡོད།

    དེར་བརྟེན་ཟང་ཟིང་སྣང་ཚུལ་སྣ་ཚོགས་ལ་རྡུང་རྡེག་དང་བཅོས་སྒྲིག་བྱ་རྒྱུ་ནི་ཡུན་རིང་གི་དཀའ་ཚེགས་ཆེ་བའི་ལས་འགན་ཞིག་ཡིན་པས། ཐེངས་གཅིག་ལ་འགྲུབ་དཀའ་བ་ཞིག་རེད། འབྱུང་འགྱུར་འབྲེལ་ཡོད་སྡེ་ཚན་གྱིས་ད་དུང་ཕུགས་ཕན་ལྟ་སྐུལ་དོ་དམ་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། ཕྱོགས་བསྡུས་བཅོས་སྒྲིག་ལ་ཤུགས་སྣོན་རྒྱག་པ། འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་སོགས་བྱས་ཏེ། གཞི་རིམ་ཁྲིམས་སྒྱུར་མི་སྣས་གྲོང་ཁྱེར་གྱི་ཟང་ཟིང་སྣང་ཚུལ་བཅོས་སྒྲིག་ལས་དོན་སྤེལ་སྐབས་གཞི་འཛིན་སའི་བཅའ་ཁྲིམས་ཡོད་པ་བྱས་ནས་གྲོང་མི་དང་ཡུལ་སྐོར་བར་གྲོང་ཁྱེར་གྱི་ཁོར་ཡུག་དེ་བས་ལེགས་པ་གཏོད་དགོས།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།