དབུ་ཤོག>ཁྲིམས་ལུགས།>གྱོད་དཔེ་སྣང་གསལ།
  • ཞིབ་དཔྱོད་ཀྱི་སྤྱི་ཕན་གཏུག་བཤེར་ལ་བརྟེན་ནས་དམངས་འཚོའི་བདེ་རྩ་བསྲུངས་པ།

    གཞིས་རྩེའི་ལྟོ་སྣོད་གཅིག་སྡུད་དུག་སེལ་ཁེ་ལས་ཤིག་ལ་བརྟག་དཔྱད་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2024-09-03

    ཟས་རིགས་ཀྱི་བདེ་འཇགས་ནི་མི་ཚང་མའི་གཟུགས་གཞི་བདེ་ཐང་དང་ཚེ་སྲོག་བདེ་འཇགས་དང་འབྲེལ་བ་ཡོད་ཅིང་། བལྟས་ན་ཟས་རིགས་ཀྱི་བདེ་འཇགས་དོན་ཆུང་དུ་སྣང་མོད་དོན་དངོས་ཐོག་མི་སེར་གྱིས་སེམས་ཁུར་ཆེ་ཤོས་བྱེད་པའི་དམངས་འཚོའི་དོན་ཆེན་ཞིག་རེད།

    ཉེ་ཆར། གཞིས་རྩེ་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གིས་གྲོང་ཁུལ་གྱི་ལྟོ་སྣོད་གཅིག་སྡུད་དུག་སེལ་ཁེ་ལས་ཤིག་ལ་ཆེད་དོན་བརྟག་དཔྱད་བྱས་རྗེས་གྲོང་ཁུལ་གྱི་ལྟོ་སྣོད་གཅིག་སྡུད་དུག་སེལ་ཁེ་ལས་གཅིག་པུ་ཡིན་པའི་དབྱིངས་ཅེ་ལྟོ་སྣོད་གཙང་སེལ་སྡེབ་སྐྱེལ་ཞབས་ཞུའི་ལྟེ་གནས་ཀྱི་གཙང་སེལ་ཁང་དུ་ཞིབ་དཔྱད་ཁང་བཙུཌ་མེད་པ་དང་། འབྲེལ་ཡོད་ཀྱི་བཟོ་གྲྭ་ནས་ཐོན་པའི་ཞིབ་དཔྱད་ལམ་ལུགས་དང་མ་དཔེ་ཉར་བའི་ལམ་ལུགས་བཙུགས་མེད་པའམ་འཐུས་སྒོ་ཚང་པོ་མེད་པ། ལྟོ་སྣོད་ལ་དུག་སེལ་གྱི་ཚད་ལོན་དཔང་ཡིག་སྦྱར་མེད་པ། ལྟོ་སྣོད་ལ་ཐད་ཀར་ལག་པ་འཆང་མཁན་གྱི་བདེ་ཐང་ཚད་ལོན་ལག་ཁྱེར་ཚད་གཞི་དང་མི་མཐུན་པ། བཀོལ་སྤྱོད་ཁང་སྤྱི་ཡོངས་ཀྱི་ཁོར་ཡུག་བཙོག་ཟིང་ཞན་གསུམ་ཡིན་པ་སོགས་ཀྱི་གནད་དོན་ཡོད་པ་ཤེས་རྟོགས་བྱུང་བ་རེད།

    “ང་ཚོས་གཞིས་རྩེ་གྲོང་ཁུལ་དང་དེ་བཞིན་རྫོང་ཁག་གི་བཟའ་བཏུང་ཞབས་ཞུའི་ཚན་པ་མང་ཆེ་བས་ཁེ་ལས་དེའི་དུག་སེལ་ཟས་སྣོད་སྤྱོད་ཀྱི་ཡོད་པ་ཤེས་བྱུང་། 《བཟའ་བཅའི་བདེ་འཇགས་ཀྱི་རྒྱལ་ཁབ་ཀྱི་ཚད་གཞིའི་བཟའ་བཏུང་སྣོད་ཆས་གཅིག་སྡུད་དུག་སེལ་གྱི་འཕྲོད་བསྟེན་ཚད་གཞི》སོགས་ཀྱི་གཏན་འབེབས་ལྟར་ན། ཁེ་ལས་དེའི་བྱེད་སྤྱོད་ཀྱིས་བཟའ་བཏུང་སྣོད་ཆས་ཀྱི་འཕྲོད་བསྟེན་བདེ་འཇགས་ལ་ཤུགས་རྐྱེན་ཚབས་ཆེན་བཟོས་པ་དང་སྤྱི་ཚོགས་ཀྱི་སྤྱི་པའི་ཁེ་ཕན་ལ་གནོད་འཚེ་བཏང་ཡོད་པ་རེད”ཅེས་ལས་དོན་སྒྲུབ་འགན་འཁུར་མཁན་ཞིབ་དཔྱོད་དཔོན་གྱིས་ངོ་སྤྲོད་དེ་ལྟར་བྱས།

    གཞིས་རྩེ་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གིས་སྤྱི་ཕན་གཏུག་བཤེར་གྱི་འཕྲལ་མྱུར་ཞིབ་དཔྱད་ཚད་ལེན་ཚོད་ལྟ་ཁང་ལ་བརྟེན་ཏེ་ས་གནས་ས་ཐོག་ནས་དཔང་རྟགས(དུག་སེལ་ཟས་སྣོད)བླངས་རྗེས་ལྟོ་སྣོད་ཀྱི་གཙང་སྦྲའི་ཚད་གཞི་ལོན་ཡོད་མེད་ཞིབ་དཔྱད་ཚད་ལེན་བྱས་པ་དང་། ཤེས་རྟོགས་ཐུབ་པའི་གནད་དོན་ལ་གཞིགས་ནས་སྲིད་འཛིན་ལས་ཁུངས་ལ་ཞིབ་དཔྱོད་གྲོས་འགོ་གནད་འཁེལ་བཏོན་པ་མ་ཟད། གྲོང་ཁུལ་གྱི་ལྟོ་སྣོད་དུག་སེལ་ཞབས་ཞུའི་ཚན་པར་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་དགོས་པའི་གྲོས་འགོ་ཡང་བཏོན་པ་དང་། ཁེ་ལས་དེར་འཕྲལ་དུ་དག་ཐེར་བྱེད་དགོས་པའི་སྐུལ་འདེབས་ཀྱང་བྱས་པ་རེད།

    ཞིབ་དཔྱོད་གྲོས་འགོ་འབྱོར་རྗེས་འབྲེལ་ཡོད་སྲིད་འཛིན་སྡེ་ཚན་གྱིས་ཚད་མཐོའི་མཐོང་ཆེན་བྱས་ཏེ་གྱོད་འབྲེལ་ཁེ་ལས་ལ་ཕྱོགས་ཡོངས་ནས་ལྟ་སྐུལ་ཞིབ་བཤེར་བྱས་པ་དང་སྦྲགས་ལྟ་སྐུལ་ཞིབ་བཤེར་བྱེད་རིང་ཤེས་རྟོགས་ཐུབ་པའི་གནད་དོན་ལ་དམིགས་ནས་ལྟ་སྐུལ་གྱི་བསམ་འཆར་ཡི་གེ་སྤྲད་པ་དང་། ལས་གཉེར་བྱེད་མཚམས་བཞག་ནས་དག་ཐེར་བྱེད་དགོས་པའི་བཀའ་རྒྱ་བཏང་བ། ཁེ་ལས་ཀྱི་ཁྲིམས་མིར་ལྟོ་སྣོད་གཅིག་སྡུད་དུག་སེལ་གྱི་འཕྲོད་བསྟེན་བཅའ་ཁྲིམས་ཤེས་བྱ་དྲིལ་བསྒྲགས་བྱས་ཡོད། ཁེ་ལས་དེར་ཁྲིམས་འགལ་གྱི་བྱེད་སྤྱོད་ཡོད་པར་དམིགས་ཏེ་གྱོད་ཐོ་བཀོད་ནས་བརྟག་དཔྱད་བྱས་པ་མ་ཟད། འབྲེལ་ཡོད་གཏན་འབེབས་གཞིར་བཟུང་དངུལ་ཆད་མི་དམངས་ཤོག་སྒོར་50000བཏང་ཡོད། དེའི་རིང་འབྲེལ་ཡོད་ཀྱི་སྲིད་འཛིན་ཚན་པས་ས་གནས་ས་ཐོག་ཏུ་མཛུབ་ཁྲིད་ཐེངས་9བྱས་པ་དང་། གཟའ་འཁོར་རེར་ས་གནས་ས་ཐོག་ཏུ་དག་ཐེར་གནས་ཚུལ་རྗེས་སྙེག་ལྟ་སྐུལ་བྱས་ཚུལ་ཟིན་ཐོའང་བཀོད་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།