སྤོ་བོ་རྫོང་སྤྱི་བདེ་འགྲིམ་འགྲུལ་ཉེན་རྟོག་པས།
རླངས་འཁོར་བདེ་འཇགས་དང་ཡ་རབས་གཏོང་དགོས་པའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ།
དབྱར་དུས་ཀྱི་འགྲིམ་འགྲུལ་བདེ་འཇགས་བཅོས་སྒྲིག་བྱ་སྤྱོད་གཏིང་ཟབ་སྤེལ་ནས་ཡ་རབས་འགྲིམ་འགྲུལ་འཛུགས་སྐྱོང་ཟབ་ཏུ་རྒྱུན་ཆད་མེད་པར་གཏོང་ཆེད། ཉེ་ཆར། རྫོང་མེ་ཟོན་རུ་ཆེན་གྱི་གདན་ཞུས་ལྟར། སྤོ་བོ་རྫོང་སྤྱི་བདེ་ཅུས་འགྲིམ་འགྲུལ་དོ་དམ་རུ་ཆེན་གྱིས་མེ་ཟོན་རུ་ཆེན་དུ་རླངས་འཁོར་བདེ་འཇགས་དང་ཡ་རབས་གཏོང་དགོས་པའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་རེད།
སྒྲོག་འགྲེལ་བྱེད་རིང་། མི་དམངས་ཉེན་རྟོག་པས་མིག་སྔའི་ལྗོངས་ཡོངས་ཀྱི་འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་ཀྱི་དུས་བབ་དང་རྫོང་དེའི་འགྲོ་ལམ་གྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་གྱོད་དཔེ་དངོས་འཇུག་གཞིར་བྱས་ནས་འགྲིམ་འགྲུལ་ལས་འཛོལ་སྣ་ཚོགས་བཟོ་བའི་རྒྱུ་རྐྱེན་གཙོ་བོ་དང་། རྒྱུན་མཐོང་གི་ཁྲིམས་འགལ་བྱེད་སྤྱོད་འགའ་ཤས་དང་དེ་བཞིན་བཅའ་ཁྲིམས་ཀྱི་འགན་འཁྲི། འགྲིམ་འགྲུལ་དོན་རྐྱེན་འཕྲལ་སྡོམ་ཐག་གཅོད་བྱེད་ཐབས་སོགས་ལ་གོ་བདེ་ཤེས་སླའི་སྐད་ཆའི་ཐོག་ནས་དབྱེ་ཞིབ་བྱས་པ་དང་ཆབས་ཅིག ཛ་དྲག་གི་ལས་འགན་སྒྲུབ་སྐབས་ཉེན་བརྡ་གཏོང་ཆས་དང་མཚོན་རྟགས་གློག་སྒྲོན་བེད་སྤྱོད་བྱེད་སྟངས་དང་། བདེ་འཇགས་ལ་འགན་ལེན་གྱི་སྔོན་འགྲོའི་འོག་ལམ་ཐིག་དང་། ཁ་ཕྱོགས། མྱུར་ཚད། བརྡ་རྟགས་བཅས་ཀྱི་ཚོད་འཛིན་མི་ཕོག་པའི་སྐོར་གྱི《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས》ནང་གི་འབྲེལ་ཡོད་གཏན་འབེབས་དང་། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བདེ་འཇགས་དོ་དམ་ཆད་གཅོད་བཅའ་ཁྲིམས》ནང་གཏན་འཁེལ་བྱས་པའི་ཛ་དྲག་གི་ལས་འགན་སྒྲུབ་མཁན་མེ་ཟོན་རླངས་འཁོར་སོགས་འཁོར་རིགས་ལ་འགོག་རྐྱེན་བཟོས་པར་འབྲེལ་ཡོད་ཆད་གཅོད་གཏན་འབེབས་དྲིལ་བསྒྲགས་ཧུར་ཐག་བྱས་པ་རེད།
དྲིལ་བསྒྲགས་བྱེད་སྒོར་ཞུགས་མཁན་ཁ་ལོ་བ་ཚོས། ཐེངས་འདིའི་འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་ཀྱི་སྒྲོག་འགྲེལ་བྱེད་སྒོར་དམིགས་སའི་རང་བཞིན་དང་སྤྱོད་གོ་ཆོད་པའི་རང་བཞིན་ཅུང་ཆེན་པོ་ལྡན་པས། འབྱུང་འགྱུར་གྱི་ལས་ཀའི་ཁྲོད། དམིགས་བསལ་ལས་རིགས་ཀྱི་འཁོར་རིགས་ཀྱི་ཉེན་བརྡ་གཏོང་ཆས་དང་མཚོན་རྟགས་གློག་སྒྲོན་ལ་ནན་པོར་གཞིགས་ནས་བེད་སྤྱོད་དང་། བདེ་འཇགས་དང་ཡ་རབས་ངང་དམིགས་བསལ་འཁོར་རིགས་བཏང་ནས། འགྲོ་ལམ་འགྲིམ་འགྲུལ་གྱི་ཁོར་ཡུག་བཟང་པོ་གཏོད་པར་མེ་ཟོན་གྱི་སྟོབས་ཤུགས་སྐྱེས་སུ་འབུལ་གྱི་ཡིན་ཞེས་བཤད།