ལྷོ་ཁ་གྲོང་ཁྱེར་གྲ་ནང་རྫོང་མི་དམངས་ཞིབ་དཔྱོད་ཁང་གིས།
ལྕགས་ལམ་གྱི་ཕྱི་རོལ་ཁོར་ཡུག་བཅོས་སྐྱོང་ལ་རམ་འདེགས་བྱས་པ།
ཉེ་ཆར་ལྷོ་ཁ་གྲོང་ཁྱེར་གྲ་ནང་རྫོང་མི་དམངས་ཞིབ་དཔྱོད་ཁང་གིས་སྤྱི་ཕན་གཏུག་བཤེར་གྱི་ཞིབ་དཔྱོད་ལྟ་སྐུལ་འགན་ནུས་གང་ལེགས་བཏོན་ནས། ཁོངས་གཏོགས་ཁུལ་གྱི་ལྕགས་ལམ་གྱི་ཕྱི་རོལ་ཁོར་ཡུག་བདེ་འཇགས་ལ་ཆེད་དོན་ལྟ་སྐུལ་ཞིབ་བཤེར་བྱས་པ་རེད།
ལྷ་ཉིང་ལྕགས་ལམ་གྱི་སྤྱིའི་རིང་ཚད་ལ་སྤྱི་ལེ་435.48ཟིན་པ་དེར་ཟམ་པ་121དང་ཕུག་ལམ་47བརྒྱུད་དགོས་པ་དང་། ཕུག་ལམ་གྱིས་བསྡུར་ཚད་བཟུང་ཚད་75%ཟིན་ནས་འཛམ་གླིང་ལྕགས་ལམ་ལས་གྲྭ་འཛུགས་སྐྲུན་གྱི་ངོ་མཚར་བྱས་རྗེས་བཏོད་ཡོད། དེ་ནི་མིའི་རིགས་ཀྱི་ལོ་རྒྱུས་ཐོག་ཧི་མ་ལ་ཡའི་རི་རྒྱུད་དང་གཉན་ཆེན་ཐང་ལྷ་རི་རྒྱུད་ཐོག་མ་སྒྲོལ་བའི་མྱུར་བགྲོད་ལྕགས་ལམ་ཡིན་པ་དང་། དེའི་བདེ་འཇགས་ཁོར་ཡུག་ནི་ལྕགས་ལམ་སྐྱེལ་འདྲེན་བདེ་འཇགས་ཤར་གཏོང་དང་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་དང་ཐད་ཀར་འབྲེལ་བ་ཡོད་པ་རེད།
ལྕགས་ལམ་རྒྱུད་ཀྱི་ཞིབ་དཔྱོད་ལས་ཁུངས་ཡིན་པའི་གྲ་ནང་རྫོང་མི་དམངས་ཞིབ་དཔྱོད་ཁང་གིས་མངོན་མེད་རྐྱེན་ངན་སེལ་བ་དང་། དམངས་འཚོ་སྲུང་བ། ཁེ་ལས་འགན་སྲུང་བཅས་ཀྱི་ལྟ་སྐུལ་འདུ་ཤེས་དང་། བོད་རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གིས་བཀྲམ་པའི《ལྕགས་ལམ་ཕྱི་རོལ་གྱི་ཁོར་ཡུག་བདེ་འཇགས་ཞིབ་དཔྱོད་ཀྱི་སྤྱི་ཕན་གཏུག་བཤེར་གྱོད་གཞི་སྒྲུབ་ཤུགས་ཆེ་རུ་བཏང་ནས་ལྕགས་ལམ་གྱི་བདེ་འཇགས་ཁྲིམས་སྐྱོང་འགན་ལེན་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་ལག་བསྟར་ཇུས་གཞིའི》བླང་བྱ་གཞིར་བཟུང་། གྲ་ནང་རྫོང་མི་དམངས་ཞིབ་དཔྱོད་ཁང་གིས་ཁོངས་གཏོགས་ཁུལ་གྱི་ལྕགས་ལམ་ཕྱི་རོལ་གྱི་ཁོར་ཡུག་བདེ་འཇགས་ལ་ཆེད་དོན་ལྟ་སྐུལ་ཞིབ་བཤེར་བྱས་པ་རེད།
ཞིབ་བཤེར་བྱེད་རིང་། གྲ་ནང་རྫོང་མི་དམངས་ཞིབ་དཔྱོད་ཁང་གི་ཉེན་རྟོག་པ་ལྷ་ཉིང་ལྕགས་ལམ་གྲ་ནང་དུམ་བུའི་ཡང་ཀ་རུ་ཆེན་དུ་བསྐྱོད་དེ། དཔྱད་གཞིའི་ཡིག་རིགས་ལྟ་བ་དང་འདྲི་རྩད་ཤེས་རྟོགས་ཀྱི་བྱ་ཐབས་སྤྱད་དེ་ལམ་སྲུང་མཉམ་འབྲེལ་འགོག་སྲུང་རུ་ཁག་གི་རྒྱུན་གཏན་ལས་དོན་ཤེས་རྟོགས་བྱས་པ་དང་། ཟམ་པ་དོ་དམ་དང་ཉམས་བཟོ་ཡག་པོ་མ་བྱུང་བ་དང་རྙིང་པ་ཆགས་པ། གཞུང་ལམ་དང་ལྕགས་ལམ་གྱི་སྒྲོམ་སྐྱོར་གཏོར་སྐྱོན་སོང་བ། ལྕགས་ལམ་རྒྱུད་དུ་ཁྲིམས་འགལ་ཨར་ལས་བྱེད་པ། ལྕགས་ལམ་གཉེར་སྐྱོང་གི་བརྡ་རྟགས་ལ་འགལ་རྐྱེན་བཟོ་བ། ལྕགས་ལམ་ཉེ་འཁོར་གྱི་སྐྱེ་ཁམས་ལ་གཏོར་བཤིག་གཏོང་བ་སོགས་གཞུང་ལམ་དང་། རླངས་འཁོར། སྐྱེ་ཁམས་བདེ་འཇགས་བཅས་དང་འབྲེལ་བ་ཡོད་པའི་མངོན་མེད་རྐྱེན་ངན་གྱི་གནད་དོན་སྣ་ཚོགས་གྲལ་བཤེར་བྱས་ཡོད། གྲལ་བཤེར་བྱེད་རིང་། སྲུང་སྐྱོང་ས་ཚིགས་ཁག་གཅིག་ཏུ་ཡུར་བུ་དང་གྱང་སོགས་ལ་ཚད་གཞི་མི་འདྲ་བའི་གཏོར་སྐྱོན་ཕོག་ཡོད་པའི་གནད་དོན་ཡོད་པ་དེ་མཐའ་འཁོར་གྱི་མང་ཚོགས་དང་ལྕགས་ལམ་གྱི་བདེ་འཇགས་ལ་ཉེན་ཁ་ཡོད་པ་ཤེས་རྟོགས་བྱས་པ་མ་ཟད། ས་གནས་ས་ཐོག་ཏུ་པར་བརྒྱབ་ནས་དཔང་རྟགས་གཏན་འཁེལ་བྱས་པ་རེད། མངོན་མེད་རྐྱེན་ངན་གྱི་གནད་དོན་ཐག་གཅོད་ནུས་ལྡན་བྱ་ཆེད། གྲ་ནང་རྫོང་མི་དམངས་ཞིབ་དཔྱོད་ཁང་གིས་ལྕགས་ལམ་གྱི་རྨང་གཞིའི་དུམ་བུ་དང་དུས་ཐོག་ཏུ་འབྲེལ་བ་བྱས་ནས་དག་ཐེར་དོན་འཁྱོལ་ལ་སྐུལ་འདེད་བཏང་བ་རེད།