འདམ་རྫབ་ནང་དིམ་པའི་རླངས་འཁོར་གསུམ་ཁོང་ཚོས་དུས་ཐོག་ཏུ་འདོན་རོགས་བྱས་པ།
འདི་ནི་འདམ་རྫབ་ནང་དིམ་པའི་རླངས་འཁོར་ཡིན་པ། (པར་འདི་ནི་མངའ་རིས་ས་ཁུལ་སྤྱི་བདེ་ཁྲུའུ་ནས་མཁོ་འདོན་བྱས)
གསར་འགོད་པས་མངའ་རིས་ས་ཁུལ་སྤྱི་བདེ་ཁྲུའུ་ནས་ཤེས་རྟོགས་བྱས་པར། ཟླ་8ཚེས་7ཉིན་གྱི་ཆུ་ཚོད་20ཙམ་ལ། དགེ་རྒྱས་རྫོང་སྤྱི་བདེ་ཅུས་འོམ་བུ་དྭངས་བསངས་ཤང་མངགས་གཏོང་ཁང་ལ་འབྲི་རུ་མཚོ་འགྲམ་དུ་རླངས་འཁོར་གསུམ་འདམ་རྫབ་ནང་དིམ་འདུག་པས་འཕྲལ་མར་རོགས་སྐྱོབ་བྱེད་པར་བསྐྱོད་དགོས་ཞེས་པ་བཀོད་འདོམས་ལྟེ་གནས་ནས་བཏང་བའི་བཀའ་འབྱོར་བ་རེད།
བཀའ་འབྱོར་རྗེས་འོམ་བུ་དྭངས་བསངས་ཤང་མངགས་གཏོང་ཁང་གིས་འཕྲལ་དུ་མི་དམངས་ཉེན་རྟོག་པ་སྒྲིག་འཛུགས་བྱས་ནས་རོགས་སྐྱོབ་བྱེད་པར་བསྐྱོད། ས་གནས་ས་ཐོག་ཏུ་སླེབས་རྗེས་མི་དམངས་ཉེན་རྟོག་པས་ཡུལ་སྐོར་བས་སྒེར་འཁོར་བཏང་ནས་ཡུལ་སྐོར་བྱེད་རིང་ལམ་གྱི་གནས་ཚུལ་ཆ་རྒྱུས་མེད་པས། སྟབས་མི་ལེགས་པར་མཚོ་འགྲམ་གྱི་འདམ་རྫབ་ནང་དིམ་པ་དང་། ཡུལ་སྐོར་བ་གཞན་དག་གིས་གནས་ཚུལ་དེ་མཐོང་སྐབས་རང་ཉིད་ཀྱི་རླངས་འཁོར་ལ་བརྟེན་ནས་དཀའ་ངལ་ལས་སྒྲོལ་རོགས་བྱས་མོད། འོན་ཀྱང་ས་སོབ་སོབ་ཡིན་པ་དང་བཞའ་ཚན་ཆེ་བའི་དབང་གིས་རླངས་འཁོར་གཞན་དག་གཉིས་ཀྱང་འདམ་རྫབ་ནང་དིམ་པ་ཤེས་རྟོགས་བྱུང་།
མུན་པ་རིམ་བཞིན་རུབ་པ་དང་དྲོད་ཚད་ཀྱང་རིམ་བཞིན་ཆག་པས། ངེས་པར་དུ་ཡུལ་སྐོར་བ་རྣམས་གང་མགྱོགས་དཀའ་ངལ་ལས་སྒྲོལ་རོགས་བྱེད་དགོས། ས་གནས་ས་ཐོག་གི་མི་དམངས་ཉེན་རྟོག་པས་འཕྲལ་དུ་རྡོ་བཏིང་བ་དང་རླངས་འཁོར་འདྲུད་པ་སོགས་ཀྱི་བྱ་ཐབས་སྤྱད་དེ་རོགས་སྐྱོབ་བྱས་མོད། འོན་ཀྱང་རླངས་འཁོར་འདམ་རྫབ་ནང་ཤུགས་ཆེན་དིམ་པས། མི་དམངས་ཉེན་རྟོག་པས་ནུས་ཤུགས་ཡོད་རྒུས་འཐེན་རུང་རླངས་འཁོར་སྔར་བཞིན་འཐེན་ཐུབ་མེད།
དེ་རྗེས་མི་དམངས་ཉེན་རྟོག་པས་འཕྲལ་དུ་འབྲེལ་ཡོད་སྡེ་ཚན་བརྒྱུད་ཉེ་འགྲམ་གྱི་འདོན་འཇུག་འཕྲུལ་འཁོར་གཏོང་མཁན་ཁ་ལོ་བ་དང་འབྲེལ་བ་བྱས་ནས་རོགས་སྐྱོབ་བྱས་མཐར་མི་དམངས་ཉེན་རྟོག་པ་དང་། འདོན་འཇུག་འཕྲུལ་འཁོར་གྱི་ཁ་ལོ་བ། མཐའ་འཁོར་གྱི་ཨར་ལས་མི་སྣ་བཅས་ཀྱི་གཞོགས་འདེགས་འོག ཆུ་ཚོད་2ལྷག་ཙམ་འབད་བརྩོན་བྱས་པ་བརྒྱུད། ཉེན་ཁའི་གནས་སུ་གྱར་བའི་རླངས་འཁོར་གསུམ་བདེ་འཇགས་ཁུལ་དུ་འཐེན་ཐུབ་པ་བྱུང་བ་རེད།