མི་དམངས་ཉེན་རྟོག་པས་རོགས་རམ་བྱས་པར་ཡུལ་སྐོར་བས་གོས་དར་བསྐུར་ནས་ཐུགས་རྗེ་ཆེ་ཞུས་པ།
འདི་ནི་མན་ཐང་ཤང་མངགས་གཏོང་ཁང་ལ་འབྱོར་བའི་གོས་དར་ཡིན་པ། (པར་འདི་མན་ཐང་ཤང་མངགས་གཏོང་ཁང་གིས་མཁོ་འདོན་བྱས)
ཉེ་ཆར། ནག་ཆུ་གྲོང་ཁྱེར་དཔལ་མགོན་རྫོང་སྤྱི་བདེ་ཅུས་མན་ཐང་ཤང་མངགས་གཏོང་ཁང་ལ་ཨན་ཧུའེ་ཡི་ཡུལ་སྐོར་བས་བསྐུར་བའི་ཐུགས་རྗེ་ཆེ་ཞུ་ཡིག་ཅིག་འབྱོར་ཞིང་། དེའི་ནང་མན་ཐང་ཤང་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པས་རོགས་རམ་བྱས་པར་ཐུགས་རྗེ་ཆེ་ཞུས་ཡོད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ཟླ་7ཚེས་6ཉིན་གྱི་ཕྱི་དྲོའི་ཆུ་ཚོད་2པ་ཙམ་ལ། ཨན་ཧུའེ་ཧོ་ཧྥེ་ནས་ཡིན་པའི་དབྱང་པིན་གྱིས་རླངས་འཁོར་བཏང་ནས་སྒེར་རྩེ་རྫོང་གི་མངའ་ཁོངས་སུ་ཡུལ་སྐོར་བྱེད་སྐབས། རྒྱལ་ལམ་317ནས་ཞིང་ཆེན་ལམ་205ཡི་ཕྱོགས་སྟོན་བརྡ་རྟགས་གློ་བུར་དུ་ཆད་པས་ལམ་བཙལ་ཀྱང་མ་རྙེད་པ་མ་ཟད། རླངས་འཁོར་འདམ་དུ་ཚུད་པའི་ཁར་ཆར་པ་འབབ་ཀྱི་ཡོད་པས། དངངས་སྐྲག་སྐྱེས་ནས་ཅི་བྱ་གཏོལ་མེད་དུ་གྱུར། དེ་ནས་ཁོང་གིས་110ཉེན་བརྡའི་ཁ་པར་བརྒྱབ་ནས་རོགས་སྐྱོར་ཡོང་རེ་ཞུས།
ཉེན་བརྡ་འབྱོར་མ་ཐག་མན་ཐང་ཤང་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པས་འཕྲལ་དུ་རླངས་འཁོར་བཏང་ནས་ས་ཡུལ་དངོས་སུ་བསྐྱོད་པ་དང་དེ་གར་སླེབས་དུས། ཁོང་གི་རླངས་འཁོར་འདམ་རྫབ་ནང་ལུས་པ་མཐོང་བས། མི་དམངས་ཉེན་རྟོག་པས་དབྱང་པིན་ལ་སེམས་གསོ་གཏོང་བཞིན་དུ་རོགས་རམ་གང་ཐུབ་བྱས་ཡོད། “མི་དམངས་ཉེན་རྟོག་པ་གསུམ་གྱི་ནང་ནས་མི་གཉིས་ཀྱིས་རླངས་འཁོར་གྱི་རྒྱབ་ནས་འབུད་རྒྱག་བརྒྱབ་པ་དང་གཞན་དེས་རླངས་འཁོར་བཏང་བས། མཐར་འདོན་ཐུབ་ཙམ་བྱུང་ཡོད། ལམ་ངོས་སུ་ཆུ་རྙོག་དང་འདམ་རྫབ་ཀྱིས་ཁེངས་ནས་ཡོད་ནའང་། ཁོང་ཚོས་རླངས་འཁོར་འདོན་རོགས་བྱས་པ་དང་ཆུ་ཚོད་གཅིག་ཙམ་སོང་མཐར་རྒྱལ་ལམ་317གྱི་ལམ་ངོས་སུ་སླེབས། ཁོང་ཚོས་ང་ལ་རླངས་འཁོར་དལ་བུར་བཏང་སྟེ་ལམ་དུ་བདེ་འཇགས་ལ་དོ་སྣང་བྱེད་དགོས་ཞེས་ཡང་ནས་བསྐྱར་དུ་མངགས་བྱ་བྱས་བྱུང་། རྒྱང་རིང་དུ་བཞུད་པའི་ཉེན་རྟོག་པའི་རླངས་འཁོར་ལ་ལྟ་བཞིན་གང་དུ་དགོས་མཁོ་ཡོད་ན་དེ་གར་ཁོང་ཚོ་ཡོད་པ་དངོས་འབྲེལ་ཚོར་བྱུང་། མི་དམངས་ཉེན་རྟོག་པ་ཁྱེད་ཚོ་སྐུ་ལས་ཁག་སོང”ཞེས་དབྱང་པིན་གྱིས་བརྗོད།
མན་ཐང་ཤང་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པའི་བྱམས་བརྩེ་ལས་དབྱང་པིན་ལ་སེམས་འགུལ་ཆེན་པོ་ཐེབས་ཤིང་། ཧོ་ཧྥེར་ལོག་རྗེས་མན་ཐང་ཤང་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པར་ངེས་པར་དུ་ཐུགས་རྗེ་ཆེ་ཞུ་དགོས་བསམས་པ་དང་། དེ་རྗེས་མྱུར་སྐྱེལ་ལ་བརྟེན་ནས་གོས་དར་དང་ཐུགས་རྗེ་ཆེ་ཞུ་ཡིག་བསྐུར་བ་རེད།