གཞིས་རྩེ་གྲོང་ཁྱེར་ནགས་ཚལ་མེ་ཟོན་རུ་ཆེན་གྱིས།
སྦྱོང་བརྡར་ལ་བརྟེན་ནས་ཆུ་ཁོངས་རོགས་སྐྱོབ་ཀྱི་ཧྲག་དམག་གསོ་སྐྱོང་བྱས་པ།
ཉེ་ཆར། གཞིས་རྩེ་གྲོང་ཁྱེར་ནགས་ཚལ་མེ་ཟོན་རུ་ཆེན་གྱིས་བཅའ་སྡོད་བྱ་ཡུལ་ཆུ་ཁོངས་ཀྱི་གནོད་འཚེ་དང་ལས་འཛོལ་གྱི་ཁྱད་ཆོས་ལ་དམིགས་ཏེ། ཆུ་ཁོངས་ཀྱི་རོགས་སྐྱོབ་ནང་དོན་དངོས་སྦྱོང་ཡང་ཡང་བྱས་ནས་འབྲུབ་ཆུ་རྒྱས་དུས་རོགས་སྐྱོབ་བྱ་ཕྱིར་གྲ་སྒྲིག་ཚགས་ཚུད་པོ་བྱས་པ་རེད།
གཞིས་རྩེ་གྲོང་ཁྱེར་ནགས་ཚལ་མེ་ཟོན་རུ་ཆེན་གྱི་ཡན་ལག་རུ་དཔོན་ཚེ་རིང་ཆོས་ལྡན་གྱིས་གསར་འགོད་པར། ད་ཐེངས་ཀྱི་སྦྱོང་བརྡར་དེ“དཀའ་ངལ་ཆེ་རུང་ནན་པོ་བྱ་རྒྱུ”རྩ་དོན་དུ་བྱས་ཏེ། ས་ཆ་དངོས་དང་། དམག་མི་དངོས། སྒྲིག་ཆས་དངོས། དམག་འཐབ་དངོས་བཅས་ཀྱི་བླང་བྱ་གཞིར་བཟུང་། གཞིས་རྩེ་གྲོང་ཁྱེར་གྱི་མྱང་ཆུ་གཙང་པོའི་འབབ་རྒྱུད་དུ་ཆུ་ཁོངས་རོགས་སྐྱོབ་ཀྱི་སྦྱོང་བརྡར་བྱས་པ་རེད། སྦྱོང་བརྡར་བྱེད་རིང་རུ་ཆེན་དེས་འགྱིག་གྲུ་བཀོལ་སྤྱོད་དང་། གྲུ་གཟིངས་མགོ་རྟིང་ལོག་སྐབས་རང་སྐྱོབ་བྱེད་ཐབས། Oདབྱིབས་ཀྱི་རོགས་སྐྱོབ། འཕྲེད་བརྒལ། མི་མེད་གནམ་གྲུས་སྲུང་སྐྱེལ། གྲོང་ཁྱེར་གྱི་ཞོད་སྐྱོན་ཕྱིར་འབུད་སོགས་ཀྱི་ནང་དོན་ལ་གཞིགས་ནས་སྦྱོང་བརྡར་བྱས་ཏེ། དཔུང་ཁག་གི་ཆུ་ཁོངས་རོགས་སྐྱོབ་ནུས་པ་ཆེ་རུ་བཏང་ཡོད་ཅེས་བརྗོད།
ཚེ་རིང་ཆོས་ལྡན་གྱིས། “དེ་དག་ཁྲོད་ནས་གྲུ་གཟིངས་མགོ་རྟིང་ལོག་སྐབས་རང་སྐྱོབ་བྱེད་སྟངས་ནི་ཆུ་ཁོངས་རོགས་སྐྱོབ་བྱེད་སྐབས་ངེས་པར་དུ་སྦྱོང་དགོས་པའི་སློབ་ཚན་ཞིག་ཡིན། གལ་སྲིད་རོགས་སྐྱོབ་བྱེད་རིང་ཆུ་ལོག་དང་ཆུ་བོ་དྲག་ཏུ་རྒྱུག་པ་སོགས་ཚོད་འཛིན་བྱེད་ཐབས་བྲལ་བའི་གནས་ཚུལ་འཕྲད་ཚེ། མེ་ཟོན་རོགས་སྐྱོབ་མི་སྣས་རང་སྐྱོབ་དང་ཕན་ཚུན་རོགས་སྐྱོབ་བྱས་ཏེ་རོགས་སྐྱོབ་ནུས་པ་དུས་ཐོག་ཏུ་སླར་གསོ་བྱེད་དགོས་ཀྱི་ཡོད”ཅེས་བརྗོད། མིག་སྔར། གཞིས་རྩེ་གྲོང་ཁྱེར་ནགས་ཚལ་མེ་ཟོན་རུ་ཆེན་གྱིས་ཐབས་ལམ་མང་པོའི་ཐོག་ནས་འབྲུབ་འགོག་གེགས་སེལ་གྱི་ཤེས་བྱའི་དྲིལ་བསྒྲགས་སློབ་གསོར་ཤུགས་སྣོན་བརྒྱབ་སྟེ། ཆུ་ཁོངས་རོགས་སྐྱོབ་ཀྱི་འཕྲལ་སྡོམ་གསོ་སྦྱོང་དང་ནང་སྦྱོང་ཐེངས་4བྱས་པ་དང་འབྲུབ་འགོག་ཤེས་བྱ་དྲིལ་བསྒྲགས་ཐེངས་2བྱས་པར། མང་ཚོགས་1000ལྷག་ཙམ་ཞུགས་ཡོད་པ་རེད།