བཞད་མཐོང་སྨོན་རྫོང་སྣར་ཐང་ཤང་གིས་ལོ་མང་ལུས་པའི་རྩྭ་རའི་རྩོད་གཞི་ཞིག་ཐག་བཅད་པ།
ཉེ་ཆར་གཞིས་རྩེ་གྲོང་ཁྱེར་བཞད་མཐོང་སྨོན་རྫོང་སྣར་ཐང་ཤང་གིས་2009ལོ་ནས་ད་བར་དུ་ལུས་པའི་རྩྭ་རའི་རྩོད་གཞི་ཞིག་འདུམ་འགྲིག་བྱས་ནས་ཤང་དེའི་རྩྭ་ར་གཉིས་དབར་གྱི་འགལ་ཟླ་བསལ་བ་རེད། རྩོད་གཞི་དེ་ཐག་གཅོད་ལེགས་པོ་ཐུབ་པར་དུད་ཚང་20ཡི་ཡུལ་མི་103དང་འབྲེལ་པ་ཡོད་པ་དང་། ཕྱོགས་གཉིས་པོའི་དོ་བདག་གིས་བསྔགས་བརྗོད་མགྲིན་གཅིག་ཏུ་ཐོབ་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། རྩྭ་རའི་རྩོད་གཞི་དེ་སྣར་ཐང་ཤང་རོང་གྲོང་ཚོའི་རྩྭ་ར་གཉིས་དང་འབྲེལ་བ་ཡོད་ལ། ཐག་གཅོད་མ་ཐུབ་པར་ལོ་15འགོར་བ་དང་། རྩྭ་རའི་ས་ཁྱོན་མུའུ་1256.63ཟིན་གྱི་ཡོད། དུས་ཡུན་རིང་པོར་སྣར་ཐང་ཤང་ཏང་ཨུད་དང་སྲིད་གཞུང་གིས་མཐོང་ཆེན་པོ་བྱས་ནས། འགོ་ཁྲིད་གཙོ་བོས་བཀོད་སྒྲིག་དང་དེའི་ནང་ཞུགས་པ་མ་ཟད། འདུམ་འགྲིག་ལས་དོན་གྱི་ཆེད་དོན་ཚན་ཁག་ཀྱང་བཙུགས་ཤིང་། ས་གནས་ས་ཐོག་ཏུ་ཐེངས་12བསྐྱོད་དེ་འདུམ་འགྲིག་དང་སློབ་གསོ་བཏང་བ་རེད།
སྣར་ཐང་ཤང་ཏང་ཨུད་དང་། སྲིད་གཞུང་། མངགས་གཏོང་ཁང་། གྲོང་སྡོད་ལས་དོན་རུ་ཁག་དང་དེ་བཞིན་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་སོགས་པའི་ལས་དོན་པས་ས་གནས་ས་ཐོག་ཏུ་བརྟག་ཞིབ་གཏིང་ཟབ་དང་། ཕྱོགས་མང་པོ་ནས་རྒྱུས་ལོན་གྱིས་གནས་ཚུལ་གྱི་འབྱུང་རྐྱེན་ཁོང་དུ་ཆུད་པར་བྱས་པའི་ཐོག གནད་དོན་གྱི་ཕྱི་མོ་བཙལ་བ་དང་ལོ་མང་རིང་གི་ལས་ཀའི་དཔྱད་གཞིར་ཟུང་འབྲེལ་བྱས་ཏེ་དབྱེ་གསེད་དབྱེ་ཞིབ་བྱས་ཤིང་། ལས་དོན་པས་དོ་བདག་ལ་ངང་རྒྱུད་རིང་པོས་འབྲེལ་ཡོད་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་འགྲེལ་བཤད་བརྒྱབ་པ་རེད། མཐར་ས་ཆའི་བདག་ཁོངས་དབང་ཆ་ཁ་གསལ་ཐུབ་ནས་གྲོས་མཐུན་བྱུང་བ་དང་། དོ་བདག་ཕྱོགས་གཉིས་པོའི་བསམ་འཆར་གཅིག་མཐུན་བྱུང་སྟེ་ལོ་མང་པོར་ཐག་གཅོད་མ་ཐུབ་པའི་གནད་དོན་མཐར་འདུམ་འགྲིག་བདེ་བླག་ཐུབ་པ་རེད།