དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • རྐང་བཙུགས་ནས་འཕྲུལ་སྒུལ་འཁོར་རིགས་ཀྱི་ཨང་རྟགས་བཀབ་ནས་གློག་རྡུལ་པར་ལེན་གཡོལ་མཁན་ལ་ཆད་པ་ནན་པོ་བཅད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2024-08-13

    འཕྲུལ་སྒུལ་འཁོར་རིགས་ཀྱི་ཨང་རྟགས་ནི་རླངས་འཁོར་གྱི་ཐོབ་ཐང་ལག་ཁྱེར་དང་གཅིག་པ་ཡིན་མོད། འོན་ཀྱང་འཕྲུལ་སྒུལ་འཁོར་རིགས་གཏོང་མཁན་ཁ་ལོ་བ་ལ་ལས་གློག་རྡུལ་ཉེན་རྟོག་པའི་པར་ལེན་ལས་གཡོལ་ཆེད། ཐབས་ཤེས་གང་ཡོད་བཏོན་ནས་འཕྲུལ་སྒུལ་འཁོར་རིགས་ཀྱི་ཨང་རྟགས་བཀབ་ཀྱི་ཡོད། ཉེ་ཆར། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་གྲོང་བྱང་རུ་ཆེན་གྱི་མི་དམངས་ཉེན་རྟོག་པས་སྐོར་ཞིབ་བྱེད་སྐབས་ཟོག་འདྲེན་རླངས་འཁོར་ཆུང་ཆུང་ཞིག་གི་རྒྱབ་ཀྱི་ཨང་རྟགས་ཨ་ཅོར་གྱིས་བཀབ་པ་མཐོང་འཕྲལ་རྐང་བཙུགས་ནས་འཕྲུལ་སྒུལ་འཁོར་རིགས་ཀྱི་ཨང་རྟགས་བཀབ་པ་དང་ཁྲིམས་འགལ་ངང་རླངས་འཁོར་བཞག་པའི་བྱེད་སྤྱོད་ལ་བརྩིས་ནས་ཁ་ལོ་བར་ཆད་པ་བཅད་པ་རེད།

    འོ་ན་རྒྱུན་གཏན་གྱི་འཚོ་བའི་ཁྲོད་གནས་ཚུལ་གང་དག་རྐང་བཙུགས་ནས་འཕྲུལ་སྒུལ་འཁོར་རིགས་ཀྱི་ཨང་རྟགས་བཀབ་པའི་ཁོངས་སུ་གཏོགས་པ་དང་། རྐང་བཙུགས་ནས་ཨང་རྟགས་འགེབས་རིགས་ལ་ཆད་པ་གང་ཞིག་ཕོག་སྲིད་དམ།

    ཨ་ཅོར་གྱིས་འཕྲུལ་སྒུལ་འཁོར་རིགས་ཀྱི་ཨང་རྟགས་འགེབས་མཁན།

    ལྷ་སའི་ཁ་ལོ་བ་ཞིག་ལ་ཆད་པ་བཅད་པ།

    ཉེ་ཆར། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་གྲོང་བྱང་རུ་ཆེན་གྱི་མི་དམངས་ཉེན་རྟོག་པས་ཆུ་མིག་ལམ་དུམ་དུ་སྐོར་ཞིབ་བྱེད་སྐབས་ལམ་འགྲམ་དུ་བཞག་པའི་ཟོག་འདྲེན་རླངས་འཁོར་ཆུང་ཆུང་ཞིག་གི་རྒྱབ་ཀྱི་ཨང་རྟགས་ཨ་ཅོར་གྱིས་བཀབ་པ་མཐོང་། གནད་དོན་དེར་རྐང་བཙུགས་ནས་འཕྲུལ་སྒུལ་འཁོར་རིགས་ཀྱི་ཨང་རྟགས་བཀབ་པའི་དོགས་གཞི་ཡོད་པར་བརྟེན་མི་དམངས་ཉེན་རྟོག་པས་འཕྲལ་དུ་རླངས་འཁོར་གཏོང་མཁན་ཁ་ལོ་བ་དང་འབྲེལ་གཏུག་བྱས། འདྲི་རྩད་བྱས་པ་བརྒྱུད། ཁ་ལོ་བ་ཚའོ་ཆེ་གེ་མོས“གློག་རྡུལ་ཉེན་རྟོག་པའི”པར་ལེན་ལས་གཡོལ་ཆེད་ཨ་ཅོར་གྱིས་རླངས་འཁོར་གྱི་ཨང་རྟགས་བཀབ་ཡོད་མོད། འོན་ཀྱང་རང་ཉིད་ཀྱི་བྱེད་སྤྱོད་དེ་འགྲིམ་འགྲུལ་ཉེན་རྟོག་པས་མཐོང་སྲིད་པ་བསམ་པའི་ཡུལ་ལའང་འཁོར་མྱོང་མེད།

    ཁ་ལོ་བ་ཚའོ་ག་གེ་མོས་རྐང་བཙུགས་ནས་འཕྲུལ་སྒུལ་འཁོར་རིགས་ཀྱི་ཨང་རྟགས་བཀབ་པའི་བྱེད་སྤྱོད་ལ་དམིགས་ནས། མི་དམངས་ཉེན་རྟོག་པས་ཁོ་པར་སྐྱོན་བརྗོད་ནན་པོ་བྱས་པ་མ་ཟད། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས》ཀྱི་འབྲེལ་ཡོད་གཏན་འབེབས་ལྟར། ཁོ་པས་རྐང་བཙུགས་ནས་འཕྲུལ་སྒུལ་འཁོར་རིགས་ཀྱི་ཨང་རྟགས་འགེབས་པ་དང་ཁྲིམས་འགལ་ངང་རླངས་འཁོར་འཇོག་པའི་བྱེད་སྤྱོད་ལ་ཆད་པ་བཅད་པ་རེད། “སྟེས་དབང་གི་བསམ་བློ་བཅངས་པ་དེས་འགྲོ་ལམ་འགྲིམ་འགྲུལ་གྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་ལས་འགལ་བ་མ་ཟད། རང་ཉིད་དང་མི་གཞན་གྱི་བདེ་འཇགས་ལའང་མངོན་མེད་རྐྱེན་ངན་ཡང་བཟོས་པས། ང་རང་འགྱོད་པ་ཆེན་པོ་སྐྱེས་བྱུང་། སླད་ཕྱིན་ངས་ངེས་པར་དུ་ཁ་ཏ་བསླབ་བྱ་དང་ལེན་ཞུས་ཏེ་འགྲོ་ལམ་འགྲིམ་འགྲུལ་གྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་བརྩི་སྲུང་ནན་པོ་ཞུས་ནས་བདེ་འཇགས་དང་ཡ་རབས་ངང་ཕྱིར་སྐྱོད་བྱེད་ཀྱི་ཡིན”ཞེས་ཚའོ་ཆེ་གེ་མོས་བཤད།

    འཕྲུལ་སྒུལ་འཁོར་རིགས་ཀྱི་ཨང་རྟགས་ངེས་པར་དུ་གཏན་འབེབས་གཞིར་བཟུང་བསྒར་དགོས།

    གནས་ཚུལ་འདི་རིགས་ཚང་མ་རྐང་བཙུགས་ནས་རླངས་འཁོར་གྱི་ཨང་རྟགས་འགེབས་པའི་བྱེད་སྤྱོད་ཁོངས་སུ་གཏོགས་པ།

    རླངས་འཁོར་གྱི་ཨང་རྟགས་ནི་རླངས་འཁོར་གྱི“ཐོབ་ཐང་ལག་ཁྱེར་གྱི་ཨང་གྲངས”དང་མཚུངས་པས། དེ་ནི་རླངས་འཁོར་གྱི་ཆ་འཕྲིན་དབྱེ་འབྱེད་ནུས་ལྡན་བྱེད་པའི་མཚོན་རྟགས་གལ་ཆེན་ཞིག་ཡིན་མོད། འོན་ཀྱང་ཁ་ལོ་བ་ཁག་གཅིག་གིས་ཆད་པ་ལས་གཡོལ་ཆེད་འཕྲུལ་སྒུལ་འཁོར་རིགས་ཀྱི་ཨང་རྟགས་འགེབས་ཀྱི་ཡོད། འོ་ན་གནས་ཚུལ་གང་དག་རྐང་བཙུགས་ནས་འཕྲུལ་སྒུལ་འཁོར་རིགས་ཀྱི་ཨང་རྟགས་འགེབས་པའི་ཁོངས་སུ་གཏོགས་སམ།

    གསར་འགོད་པར་ཤེས་རྟོགས་བྱུང་བར། རྒྱུན་གཏན་གྱི་འཚོ་བའི་ཁྲོད་ཤོག་བུ་དང་། འོད་སྡེར། རས་སོགས་ཀྱིས་འཕྲུལ་སྒུལ་འཁོར་རིགས་ཀྱི་ཨང་རྟགས་བཀབ་པ་དང་། རྡུང་འགོག་སྒྲིག་ཆས་དང་འཐུད་འཁོར་སོགས་ཀྱིས་འཕྲུལ་སྒུལ་འཁོར་རིགས་ཀྱི་ཨང་རྟགས་བཀབ་པ། བཀྲག་རྩི་དང་འདམ་བག་སོགས་བྱུག་ནས་འཕྲུལ་སྒུལ་འཁོར་རིགས་ཀྱི་ཨང་རྟགས་བཀབ་པ། རྐང་བཙུགས་ནས་འཕྲུལ་སྒུལ་འཁོར་རིགས་ཀྱི་ཨང་རྟགས་བཀོད་པའི་ལྕག་ལེབ་ཀྱོག་ཀྱོག་བཟོས་པ་དང་། བཅག་པ། རྩི་བུད་པ། ཨང་རྟགས་ཐོག་གི་རྒྱ་ཡིག་དང་དབྱིན་ཡིག་གམ་ཡང་ན་ཨང་ཀི་སུབ་པ་སོགས་ཚང་མ་རྐང་བཙུགས་ནས་འཕྲུལ་སྒུལ་འཁོར་རིགས་ཀྱི་ཨང་རྟགས་བཀབ་པའི་བྱེད་སྤྱོད་ཀྱི་ཁོངས་སུ་གཏོགས་ཀྱི་ཡོད། གཞན་ཡང་། གངས་ཆར་གྱི་གནམ་གཤིས་བསྟན་པ་དང་ཡང་ན་ཕྱི་རོལ་ཡུལ་གྱི་རྒྱུ་རྐྱེན་དབང་གིས་ཨང་རྟགས་ལ་འདམ་བག་བགོས་པ་འཁྲུ་ཁོམ་མ་བྱུང་བ་དང་ཡང་ན་དངོས་ཟོག་བྱུར་པོར་བླུགས་པའི་དབང་གིས་འཕྲུལ་སྒུལ་འཁོར་རིགས་ཀྱི་ཨང་རྟགས་བཀབ་པ་སོགས་ཀྱི་བྱེད་སྤྱོད་རིགས་ལ་སྤྱི་བདེ་ལས་ཁུངས་འགྲིམ་འགྲུལ་དོ་དམ་སྡེ་ཚན་གྱིས་དོ་བདག་ལ་ས་གནས་ས་ཐོག་ཏུ་དག་བཅོས་བྱེད་དགོས་པའི་བཀའ་གཏོང་གི་ཡོད།

    གཞན་ཡང་། འགྲིམ་འགྲུལ་ལས་འཛོལ་རྐྱེན་གྱིས་རླངས་འཁོར་གྱི་ཨང་རྟགས་ལ་སྐྱོན་ཤོར་བ་དང་། ཆག་པའམ་ཡང་ན་ཨང་རྟགས་རྙིང་པ་ཆགས་པ་དང་ཚོས་བུད་པ་སོགས་རྒྱུ་རྐྱེན་གཞན་གྱི་དབང་གིས་ཨང་རྟགས་ངོས་འཛིན་བྱེད་པར་ཤུགས་རྐྱེན་ཐེབས་རིགས་ལ། ཁ་ལོ་བས་ཐོབ་ཐང་ལག་ཁྱེར་ཁྱེར་ནས་རླངས་འཁོར་ཐོ་འགོད་བྱ་ཡུལ་འགྲིམ་འགྲུལ་དོ་དམ་སྡེ་ཚན་དུ་ཕྱིན་ནས་ཨང་རྟགས་བརྗེ་དགོས་པའམ་ཡང་ན“འགྲིམ་འགྲུལ་དོ་དམ་12123”Appབརྒྱུད་ཨང་རྟགས་བརྗེ་བའི་རེ་འདུན་ཞུ་དགོས། གལ་སྲིད་དུས་བཀག་ལས་ཡོལ་ཚེ་སྤྱི་བདེ་ལས་ཁུངས་ཀྱིས་ཁྲིམས་ལྟར་ཆད་པ་གཅོད་ཀྱི་ཡོད་པ་རེད།

    རྐང་བཙུགས་ནས་འཕྲུལ་སྒུལ་འཁོར་རིགས་ཀྱི་ཨང་རྟགས་འགེབས་རིགས་འགྲིམ་འགྲུལ་ཁྲིམས་འགལ་ཁོངས་སུ་གཏོགས་པས།

    ཁ་ལོ་བའི་ལག་ཁྱེར་ནས་ཐེངས་གཅིག་ལ་སྐར་མ་9འཐེན་རྒྱུ་ཡིན་པ།

    འཕྲུལ་སྒུལ་འཁོར་རིགས་ཀྱི་ཨང་རྟགས་འགེབས་པ་དང་རྫུན་བཟོ་སོགས་ཀྱི་བྱེད་སྤྱོད་དོན་ཆུང་མིན་པས་འགྲིམ་འགྲུལ་བདེ་འཇགས་ལ་གནོད་འཚེ་ཚབས་ཆེན་བཟོ་གི་ཡོད། གལ་ཏེ་ཁ་ལོ་བས་རྐང་བཙུགས་ནས་འཕྲུལ་སྒུལ་འཁོར་རིགས་ཀྱི་ཨང་རྟགས་འགེབས་པ་དང་བཙོག་པ་བཟོས་ཚེ་འཕྲུལ་སྒུལ་འཁོར་རིགས་གཏོང་བའི་མྱུར་ཚད་ལས་བརྒལ་བ་དང་གློག་དམར་ལས་བརྒལ་བ་སོགས་འགྲིམ་འགྲུལ་ཁྲིམས་འགལ་གྱི་བྱེད་སྤྱོད་ཐོན་སྲིད། འགྲིམ་འགྲུལ་ཁྲིམས་སྲོལ་སྣང་མེད་དུ་བཏང་བའི་ཁྲིམས་འགལ་བྱེད་སྤྱོད་དེ་དག་གིས་རྒྱུན་གཏན་གྱི་འགྲིམ་འགྲུལ་སྒྲིག་ལམ་དཀྲུགས་ནས་འགྲིམ་འགྲུལ་ལས་འཛོལ་ཐོན་སླ་བར་བརྟེན་འགྲིམ་འགྲུལ་ལས་འཛོལ་གྱི་ཉེན་ཁ་ཆེ་རུ་འགྲོ་གི་ཡོད། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས》ཀྱི་གཏན་འབེབས་ལྟར་ན། འཕྲུལ་སྒུལ་འཁོར་རིགས་ཀྱི་ཨང་རྟགས་གཏན་འབེབས་ལྟར་འགེལ་དགོས་པ་མ་ཟད། གསལ་པོ་དང་ཆ་ཚང་པོ་དགོས་པ་ལས། རྐང་བཙུགས་ནས་འགེབ་པའམ་བཙོག་པ་བཟོ་མི་ཆོག ཚན་པ་དང་མི་སྒེར་སུ་འདྲ་ཞིག་ཡིན་རུང་འཕྲུལ་སྒུལ་རླངས་འཁོར་གྱི་ཨང་རྟགས་རྩིས་ལེན་དང་བཀག་ཉར་བྱེད་མི་ཆོག ཆད་པ་གཅོད་པའི་ཐད《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས》ཀྱི་གཏན་འབེབས་ལྟར་ན། རྐང་བཙུགས་ནས་འཕྲུལ་སྒུལ་འཁོར་རིགས་ཀྱི་ཨང་རྟགས་འགེབས་པ་དང་བཙོག་པ་བཟོས་པའི་བྱེད་སྤྱོད་ལ་སྤྱི་བདེ་འགྲིམ་འགྲུལ་དོ་དམ་སྡེ་ཚན་གྱིས་ཁྲིམས་ལྟར་དངུལ་ཆད་སྒོར་200གཅོད་པ་དང་ཆབས་ཅིག་ཁ་ལོ་བའི་ལག་ཁྱེར་ནས་ཐེངས་གཅིག་ལ་སྐར་མ་9འཐེན་རྒྱུ་ཡིན་པ་རེད།

    འཕྲུལ་སྒུལ་འཁོར་རིགས་ཀྱི་ཨང་རྟགས་ནི་འཕྲུལ་སྒུལ་རླངས་འཁོར་ལམ་དུ་སྐྱོད་ཆོག་པའི་ཁྲིམས་བཀོད་མཚོན་རྟགས་ཤིག་རེད། དེའི་ཨང་གྲངས་ནི་འགྲོ་སྐྱོད་ལག་ཁྱེར་སྟེང་གི་ཨང་གྲངས་དང་ཡོངས་སུ་གཅིག་པ་ཡིན་དགོས། རླངས་འཁོར་གཞན་དག་གི་ཨང་རྟགས་སྤྱོད་པ་དང་། ཨང་རྟགས་འགེབ་པ། ཨང་རྟགས་རྫུན་བཟོ་དང་སྒྱུར་བ་སོགས་ཀྱི་བྱེད་སྤྱོད་ཀྱིས་འགྲིམ་འགྲུལ་དོ་དམ་གྱི་སྒྲིག་ལམ་དཀྲུགས་ནས་སྤྱི་པའི་འགྲིམ་འགྲུལ་བདེ་འཇགས་ལ་མངོན་མེད་རྐྱེན་ངན་ཆེན་པོ་བཟོ་གི་ཡོད། གོམ་སྟབས་རྗེས་མར་ལྷ་ས་འགྲིམ་འགྲུལ་ཉེན་རྟོག་པས་བྱང་བུ་དང་ལག་ཁྱེར་དང་འབྲེལ་བ་ཡོད་པ་སོགས་འགྲིམ་འགྲུལ་ཁྲིམས་འགལ་ཚབས་ཆེན་ལ་ཐར་པར་གཏན་ནས་མི་གཏོང་བ་དང་དམ་བསྒྲགས་རྣམ་པ་མུ་མཐུད་རྒྱུན་འཁྱོངས་བྱ་རྒྱུ་ཡིན་པས། རྒྱ་ཆེའི་ཁ་ལོ་བས་རང་རྟོགས་ངང་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་བརྩི་སྲུང་ཡག་པོ་ཞུས་ཏེ་འཕྲུལ་སྒུལ་རླངས་འཁོར་གྱི་ཨང་རྟགས་ཚད་ལྡན་བསྒར་ནས་ཡ་རབས་ངང་ཕྱིར་སྐྱོད་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།