དབུ་ཤོག>ཁྲིམས་ལུགས།>བརྟན་ལྷིང་གསེར་ཕུབ།
  • ཆབ་མདོ་གྲོང་ཁྱེར་ནགས་ཚལ་མེ་ཟོན་ཉིང་ལག་རུ་ཁག་གིས་འབྲུབ་འགོག་དང་ཆུ་ལོག་འགོག་པའི་ནང་སྦྱོང་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2024-08-13

    ཉེ་དུས་ཆབ་མདོར་ཆར་པ་ཡང་ཡང་བབས་ནས་རི་ཉིལ་བ་དང་ཆུ་རུད་སོགས་ཀྱི་རང་བྱུང་གནོད་འཚེ་ཐོན་ཉེན་ཆེ་བར་བརྟེན། ཆབ་མདོ་གྲོང་ཁྱེར་ནགས་ཚལ་མེ་ཟོན་ཉིང་ལག་རུ་ཁག་གིས་འབྲུབ་འགོག་དང་ཆུ་ལོག་འགོག་པའི་ནང་སྦྱོང་བྱས་པ་དང་། དེའི་དམིགས་ཡུལ་ནི་ཐོལ་བྱུང་གི་ཉེན་ཁའི་གནས་ཚུལ་ལ་ཁ་གཏད་ནུས་ལྡན་གཅོག་པ་དང་། ཉིང་ལག་རུ་ཁག་གིས་ཛ་དྲག་གི་གནས་ཚུལ་འོག་རང་བྱུང་གནོད་འཚེར་ཁ་གཏད་གཅོག་པའི་སྒྲིག་འཛུགས་བཀོད་འདོམས་དང་མཐུན་སྦྱོར་མཉམ་སྒྲུབ་ཀྱི་ནུས་པར་ཞུན་བརྡར་བྱ་ཆེད་རེད།

    ཐེངས་འདིའི་ནང་སྦྱོང་རིང་། ཆབ་མདོ་གྲོང་ཁྱེར་ཁ་རུབ་ཆུས་ཀྱི་ས་ཆ་ཞིག་ཏུ་ཉིན་ཤས་བསྟུད་མར་དྲག་ཆར་བབས་པས་གཙང་པོ་དང་ཆུ་བོ་མགྱོགས་མྱུར་རྒྱས་ཤིང་། མང་ཚོགས་གཉིས་ལ་ཆུ་ལོག་གི་གནོད་འཚེ་ཕོག་ནས་ཁོང་ཚོའི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་ཉེན་ཁ་ཚབས་ཆེན་ཕོག་པའི་ཁུལ་བྱས་པ་རེད། ནང་སྦྱོང་བྱ་ཡུལ་དུ་གནོད་འཚེའི་གནས་ཚུལ་བརྡ་ཁྱབ་བཏང་རྗེས་ཁ་རུབ་དང་། འཇོ་མདའ། མཛོ་སྒང་བཅས་ཀྱི་རུ་འབྲིང་གིས་བྱ་སྤྱོད་མགྱོགས་མྱུར་སྤེལ་ནས་བྱེ་མ་བླུགས་པའི་རྩ་རས་དབོར་ཏེ་ཉེན་གྱར་མི་སྣ་བསྐྱབས་པ་རེད།

    ཐེངས་འདིའི་ནང་སྦྱོང་རིང་། ཉིང་ལག་རུ་ཁག་གི་འབྲུབ་འགོག་དང་ཆུ་ལོག་སྔོན་འགོག་གི་འཕྲལ་སྡོམ་རོགས་སྐྱོབ་སྔོན་ཇུས་ཀྱི་ཚན་རིག་རང་བཞིན་དང་བཀོལ་སྤྱོད་རང་བཞིན་ལ་ཞིབ་དཔྱད་བྱས་ཏེ། བཀོད་འཐབ་པའི་ཆུ་ལོག་གི་གནོད་འཚེར་དོགས་ཟོན་གྱི་ནུས་པ་དང་ཐག་གཅོད་ནུས་པ་སྔར་བས་ཆེ་རུ་བཏང་ནས། བཀོད་འཐབ་པ་ཡོངས་ཀྱི་བསམ་བློའི་ངོས་འཛིན་མཐོ་རུ་གཏོང་བ་དང་མིག་སྔའི་འབྲུབ་འགོག་ལས་དོན་གྱི་ཛ་དྲག་དུས་བབ་གསལ་རྟོགས་ཐུབ་པར་བྱས་ཏེ་དཔུང་ཁག་གི་འཕྲལ་སྡོམ་ཉེན་སེལ་གྱི་རོགས་སྐྱོབ་ནུས་པ་ཆེ་རུ་བཏང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།