བོད་ལྗོངས་ལྷ་སའི་ལྟེ་བའི་དཔེ་གྲོང་དངོས་སུ་ལས་གཉེར་བྱེད་འགོ་ཚུགས་པ།
ཉེ་ཆར། རང་ལྗོངས་ཀྱི་ཕྱོགས་བསྡུས་རང་བཞིན་གྱི་དཔེ་གྲོང་ཐོག་མ་སྟེ་ལྷ་སའི་ལྟེ་བའི་དཔེ་གྲོང་དངོས་སུ་ལས་གཉེར་བྱེད་འགོ་ཚུགས་ཤིང་། དེ་ནི་དཔེ་དེབ་ལྟ་ཀློག་དང་བྲིན་ཚོང་དང་། རིག་གནས་བསམ་བཀོད་འགྲེམས་སྟོན། རིག་གནས་བྱེད་སྒོ སྒྱུ་རྩལ་སྤེལ་རེས། མང་ཚོགས་སྤྲོ་གསེང་སོགས་གཞི་གཅིག་ཏུ་འདུས་པའི་ལྟེ་བའི་དཔེ་གྲོང་ཞིག་ཡིན་པ་དང་། ལྟེ་བའི་གྲོང་ཁྱེར་གྱི་འདུ་ཚོགས་ཆེ་བའི་མཚོན་རྟགས་གསར་པར་འགྱུར་རྒྱུ་རེད།
རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དྲིལ་བསྒྲགས་པུའི་པུའུ་ཀྲང་དབང་ཧའེ་ཀྲོའུ་ཞུགས་པ་དང་འབྲེལ་ཀྲུང་གོ་ཤིན་ཧྭ་དཔེ་ཚོང་ཁང་མཐུན་ཚོགས་ཀྱི་འབྲེལ་ཡོད་འགན་འཁུར་བློ་མཐུན་དང་ལྷན་དུ་དཔེ་གྲོང་གི་ཡོལ་ཁེབས་ཕྱེ་གནང་བ་རེད།
ས་གནས་ས་ཐོག་ཏུ་ལྟེ་བའི་དཔེ་གྲོང་ལ་གཟིགས་སྐོར་གནང་རྗེས་དབང་ཧའེ་ཀྲོའུ་ཡིས། ནུས་ཤུགས་ཡོད་རྒུས་དཔེ་གྲོང་ལ་དོ་དམ་དང་གཉེར་སྐྱོང་ཡག་པོ་བྱས་ནས་དེའི་རིག་གནས་འཐབ་སའི་ནུས་པ་གང་ལེགས་འདོན་པ་དང་། རིག་གནས་ཞབས་འདེགས་དང་རིག་གནས་ཐོན་རྫས་མཁོ་སྤྲོད་ཀྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་ནས་མང་ཚོགས་ཀྱི་བསམ་པ་དང་རིག་གནས་ཀྱི་དགོས་མཁོ་དེ་བས་ཡག་པོ་སྐོང་དགོས། བྱེད་ནུས་ཁུལ་ལུགས་མཐུན་དབྱེ་འབྱེད་དང་བེད་སྤྱོད་ཡོངས་སུ་ཐུབ་པའི་ལས་དོན་མུ་མཐུད་ཡག་བསྒྲུབས་ཏེ་བེད་སྤྱོད་རུང་བའི་བར་མཐོངས་གང་ལེགས་སྤྱོད་པ་དང་འགྲེམས་སྟོན་དང་འོས་སྦྱོར་ངོ་སྤྲོད་རུང་བའི་ནང་དོན་གང་ཐུབ་མངོན་པར་བྱས་ཏེ་ལྟེ་བའི་དཔེ་གྲོང་འདི་ཉིད་རིག་གནས་དམངས་ཕན་གྱི་ཕྱོགས་བསྡུས་ཞབས་ཞུའི་ལས་སྟེགས་ཤིག་ཏུ་དངོས་འབྲེལ་གཏོད་དགོས། དེང་རབས་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་བར་མཐོང་ཆེན་བྱས་ཏེ་གྲངས་འཛིན་ཅན་གྱི་ལག་རྩལ་གསར་པ་དང་ཉེར་སྤྱོད་གསར་པ་སྤྱོད་མཁས་པོ་བྱས་ནས་བྱེད་ནུས་ཁུལ་ཁག་ལ་ནུས་པ་འདོན་ས་ཡོད་པར་བྱས་ཏེ་མང་ཚོགས་ལ་དེ་བས་ལེགས་པའི་མཉམ་འགུལ་ཉམས་ལེན་ཐུབ་པར་བྱེད་དགོས། བྲིན་ཚོང་དང་འགྲེམས་སྟོན་གྱི་ནང་དོན་ཚང་མར་ཞིབ་བཤེར་དང་འགག་སྒོ་ནན་པོ་བསྲུངས་ནས་ཁྲིམས་འགལ་གྱི་དཔེ་སྐྲུན་དངོས་པོ་མ་ཐོན་བཀག་འགོག་མཐའ་གཅིག་ཏུ་བྱས་ཏེ་མི་རིགས་ཁག་གི་མང་ཚོགས་ཀྱི་རིག་གནས་འཚོ་བར་བར་སྟོང་གཙང་མ་ཞིག་གཏོད་དགོས་ཞེས་གསུངས་པ་རེད།