དབུ་ཤོག>ཁྲིམས་ལུགས།>ཞི་མཐུན་ས་མཐོ།
  • ལྷ་སའི་འགྲིམ་འགྲུལ་ཉེན་རྟོག་པས་ནུས་ཤུགས་ཡོད་རྒུས་བདེ་འཇགས་སྲུང་སྐྱོང་བྱེད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-08-06

    འདི་ནི་མི་དམངས་ཉེན་རྟོག་པས་རླངས་འཁོར་ལ་ཞིབ་བཤེར་བྱེད་བཞིན་པ།

    བཅོས་སྒྲིག་བྱ་སྤྱོད་སྤེལ་ཚུན། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་གིས་དབྱར་དུས་འགྲིམ་འགྲུལ་གྱི་ཁྱད་ཆོས་དང་ཆོས་ཉིད་ལ་དམིགས་ནས་འགྲིམ་འགྲུལ་བདེ་འཇགས་ཀྱི་ཉེན་ཁ་མངོན་གསལ་དོད་པའི་གཙོ་གནད་ས་ཁུལ་དང་། གཙོ་གནད་ལམ་དུམ། གཙོ་གནད་ཁེ་ལས། གཙོ་གནད་འཁོར་རིགས། གཙོ་གནད་ཁྲིམས་འགལ་བཅས་ལ་དམ་པོར་དམིགས་ནས་འབྱུང་རྩ་ནས་བཅོས་སྒྲིག་དང་། ལམ་ངོས་དོ་དམ་ཚོད་འཛིན། སྡེ་ཚན་དབར་མཉམ་ལས། དྲིལ་བསྒྲགས་དང་ཉེན་བརྡ་གཏོང་བ་བཅས་ལ་ཤུགས་སྣོན་བརྒྱབ་སྟེ་གྲོང་ཁྱེར་ཡོངས་ཀྱི་དབྱར་དུས་ཀྱི་འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་ཀྱི་དུས་བབ་རྒྱུན་མཐུད་བརྟན་པོ་ཡོང་བའི་འགན་ལེན་བྱས་ཡོད་པ་རེད།

    ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་གྲོང་ལྷོ་རུ་ཆེན་དང་གྲོང་བྱང་རུ་ཆེན་གྱིས་རང་སོ་སོའི་དོ་དམ་ཁུལ་དུ་མཚན་མོ་ཞིབ་བཤེར་བྱེད་པའི་བྱ་སྤྱོད་གཏིང་ཟབ་སྤེལ་ནས། ཆང་བཏུངས་འཁོར་གཏོང་དང་ར་བཟི་འཁོར་གཏོང་སོགས་འགྲིམ་འགྲུལ་ཁྲིམས་འགལ་བྱེད་སྤྱོད་གཅིག་སྡུད་ཐོག་ཞིབ་བཤེར་ཐག་གཅོད་བྱས་ཏེ། ཁོངས་གཏོགས་ཁུལ་གྱི་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་འགན་ལེན་བྱས་པ་རེད།

    བྱ་སྤྱོད་སྤེལ་རིང་། ལས་སྒྲུབ་མི་དམངས་ཉེན་རྟོག་པས་གསོལ་མགྲོན་ཁང་དང་རོལ་རྩེད་ཁང་སོགས་མཐའ་འཁོར་གྱི་འགྲོ་ལམ་ཐོག་གནས་གཏན་འཁེལ་གྱི་བྱང་བུ་འཛུགས་པ་དང་། ས་ཆ་མང་པོར་ཞིབ་བཤེར་བྱེད་པ། སྐོར་སྐྱོད་ཁྲིམས་སྒྱུར་བྱེད་པ་སོགས་ཀྱི་བྱ་ཐབས་སྤྱད་དེ་འགྲོ་འོང་བྱེད་མཁན་རླངས་འཁོར་གྱི་ཁ་ལོ་བར་དབུགས་འབྱིན་རྔུབ་རྣམ་པའི་ཨ་རག་ཉིང་ཁུ་ཞིབ་དཔྱད་ཚད་ལེན་གྱི་བྱ་ཐབས་སྤྱད་དེ། ཁ་ལོ་བས་ཆང་རག་བཏུངས་ཡོད་མེད་བལྟས་ཏེ་ཤེས་རྟོགས་ཐུབ་ཚེ་ཞིབ་བཤེར་ཐག་གཅོད་དང་ཡོ་བསྲང་བྱས་ནས་སྔོན་འགོག་ནན་པོ་དང་། ཚོད་འཛིན་ནན་པོ། ཆད་གཅོད་ནན་པོ་བཅས་ཀྱི་དམ་བསྒྲགས་རྣམ་པ་ཆགས་པར་བྱས་ཡོད་པ་རེད།

    ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་ལྷ་ནག་མྱུར་བགྲོད་གཞུང་ལམ་རུ་ཆེན་གྱིས་ཁོངས་གཏོགས་ཁུལ་གྱི་ལས་ཀའི་དོན་དངོས་ལ་གཞིགས་ནས་གནས་སྐབས་ལས་སྒྲུབ་ས་ཚིགས་མང་དུ་བཏང་བ་དང“འགྲུལ་འཁོར་གཉིས་དང་། ཉེན་འཁོར་གཅིག ཟོག་འཁོར་གཅིག མགྲོན་འཁོར་ཆུང་གྲས་གཅིག སློབ་འཁོར་གཅིག”སོགས་གཙོ་གནད་རླངས་འཁོར་ལ་དོ་སྣང་ཆེན་པོ་བྱས་ནས“ཚད་བརྒལ་གསུམ་དང་ངལ་དུབ་གཅིག”གི་འགྲིམ་འགྲུལ་ཁྲིམས་འགལ་བྱེད་སྤྱོད་བཅོས་སྒྲིག་ནན་པོ་བྱས་ཏེ། ཁོངས་གཏོགས་ཁུལ་གྱི་འགྲོ་ལམ་བདེ་འཇགས་དང་། ཤར་བགྲོད་ཐུབ་པ། གོ་རིམ་ལྡན་པ་བཅས་ཡོང་བའི་འགན་ལེན་བྱས་པ་རེད།

    ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་ལྷ་ཉིང་མྱུར་བགྲོད་གཞུང་ལམ་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་གྱིས་ཉེན་རྟོག་པ་སྒྲིག་འཛུགས་བྱས་ནས། བཅའ་ཁྲིམས་ཁྱབ་གདལ་དང་སྒྲོག་འགྲེལ་བྱས་ཏེ། ལྷ་ཉིང་མྱུར་བགྲོད་གཞུང་ལམ་ཞིབ་བཤེར་ས་ཚིགས་སུ་འགྲིམ་འགྲུལ་བདེ་འཇགས་དྲིལ་བསྒྲགས་འགྲེམས་པང་བཙུགས་པ་དང་དྲིལ་བསྒྲགས་དཔྱད་གཞི་སྤྲད་དེ། རྒྱ་ཆེའི་འགྲིམ་འགྲུལ་ནང་ཞུགས་མཁན་ལ་འགྲིམ་འགྲུལ་བདེ་འཇགས་ཀྱི་རྒྱུན་ཤེས་འགྲེལ་བཤད་བརྒྱབ་ནས་དྲིལ་བསྒྲགས་ཀྱི་རྣམ་པ་བཟང་པོ་ཞིག་བཏོད་ཡོད་པ་རེད།

    བཅའ་ཁྲིམས་ཁྱབ་གདལ་གྱི་སྒྲོག་འགྲེལ་བྱེད་སྒོ་སྤེལ་རིང་། མི་དམངས་ཉེན་རྟོག་པ་ཚོས་དཔེ་མཚོན་དོན་རྐྱེན་གྱི་གྱོད་དཔེ་དང་ཟུང་འབྲེལ་བྱས་ཏེ། རླངས་འཁོར་ནང་ཚད་ལྡན་ངང་སྲུང་ཐག་མ་བཅིངས་པ་དང་། ཆང་བཏུངས་འཁོར་གཏོང་བྱེད་པ། མི་ཚད་ལས་བརྒལ་ནས་བླུགས་པ། ངལ་དུབ་ངང་རླངས་འཁོར་གཏོང་བ། ལག་ཁྱེར་མེད་པར་རླངས་འཁོར་གཏོང་བ་སོགས་ཁྲིམས་འགལ་བྱེད་སྤྱོད་ཚབས་ཆེན་གྱི་གནོད་འཚེའི་རང་བཞིན་གཙོ་གནད་ཐོག་འགྲེལ་བཤད་བརྒྱབ་ནས། ཚང་མས་འགྲིམ་འགྲུལ་ཁྲིམས་སྲོལ་ལ་རང་རྟོགས་ངང་བརྩི་སྲུང་ཞུ་བ་དང་འགྲིམ་འགྲུལ་ཁྲིམས་འགལ་བྱེད་སྤྱོད་ལ་བཀག་འགོག་བྱ་རྒྱུའི་ཁྲིད་སྟོན་བྱས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།