སྤུ་ཧྲེང་རྫོང་མི་དམངས་ཞིབ་དཔྱོད་ཁང་གིས།
གླ་ཆ་འགྱངས་ཆད་ཀྱི་བྱེད་སྤྱོད་ལ་རྡུང་རྡེག་བཏང་ནས་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་བྱས་པ།
《རྒྱལ་ཡོངས་ཞིབ་དཔྱོད་ལས་ཁུངས་སུ“ཞིབ་དཔྱོད་ཀྱིས་དམངས་འཚོར་སྲུང་སྐྱོང”བྱེད་པའི་ཆེད་དོན་བྱ་སྤྱོད་སྤེལ་རྒྱུའི་སྐོར་གྱི་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ལག་བསྟར་ཇུས་གཞིའི》བླང་བྱ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས་དམངས་འཚོའི་ཁྲིམས་འཛིན་འགན་ལེན་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་། མི་དམངས་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་ཏན་ཏིག་བྱེད་པ། ཁྲིམས་སྐྱོང་གི་ནུས་པར་བརྟེན་ནས་དམངས་འཚོ་ལེགས་སུ་གཏོང་བ་བཅས་བྱ་ཆེད། ཉིན་ཤས་བསྟུད་མར་སྤུ་ཧྲེང་རྫོང་མི་དམངས་ཞིབ་དཔྱོད་ཁང་གིས་གླ་ཆ་འགྱངས་ཆད་ཀྱི་བྱེད་སྤྱོད་ལ་རྡུང་རྡེག་གཏོང་བའི་ཆེད་དོན་བྱ་སྤྱོད་ཧུར་ཐག་སྤེལ་བ་རེད།
ཤེས་རྟོགས་བྱུང་བར་གཞིཌ་ན། 2022ལོ་ནས་2023ལོའི་བར། སི་ཁྲོན་འཛུགས་སྐྲུན་ཚད་ཡོད་ཀུང་སི་ཞིག་གིས་པ་ཆེ་གེ་མོའི་འདོན་འཇུག་འཕྲུལ་འཁོར་གླས་པ་རེད། ལས་གྲྭ་མཇུག་འགྲིལ་ནའང་བོགས་གླ་སྒོར་ཁྲི་2.9སྤྲད་མེད། 2020ལོར་ལྷོ་རོང་རྫོང་གི་འཛུགས་སྐྲུན་ཚད་ཡོད་ཀུང་སི་ཞིག་གིས་དབྱང་ཆེ་གེ་མོའི་འདོན་འཇུག་འཕྲུལ་འཁོར་50གླས་པ་དང་ལས་གྲྭ་མཇུག་འགྲིལ་ནའང་བོགས་གླ་སྒོར་ཁྲི་6.3སྤྲད་མེད། པ་ཆེ་གེ་མོ་དང་དབྱང་གེ་མོས་གླ་ཆ་ཐེངས་མང་འདེད་ཀྱང་མ་སྤྲད་པར་བརྟེན། འདི་ལོའི་ཟླ་བ་ལྔ་པར་བོད་རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་མངའ་རིས་ཡན་ལག་ཁང་ལ་ཞུ་གཏུག་བརྒྱབ་ཡོད། ཟླ་དེར་སྤུ་ཧྲེང་རྫོང་མི་དམངས་ཞིབ་དཔྱོད་ཁང་ལ་གྱོད་གཞི་དེ་ཐག་གཅོད་བྱ་རྒྱུར་རྩིས་སྤྲད་པ་རེད།
གྱོད་གཞི་བདག་སྤྲོད་བྱས་རྗེས། སྒྲུབ་འགན་འཁུར་མཁན་ཞིབ་དཔྱོད་དཔོན་གྱིས་གྱོད་གཞིའི་དོ་བདག་དང་འབྲེལ་མཐུད་ཧུར་ཐག་བྱས་པ་དང་འབྲེལ་བརྟག་དཔྱད་དཔང་ལེན་བྱས་པ་མ་ཟད། འབྲེལ་ཡོད་སྡེ་ཚན་དུ་བསྐྱོད་དེ་འབྲེལ་གཏུག་མཐུན་སྦྱོར་ཐེངས་མང་བྱས་ཁར། དོ་བདག་ལ་ཁྲིམས་ལྟར་འོས་འགན་སྒྲུབ་དགོས་པའི་ཁ་ཏ་བསླབ་བྱ་ཡང་བྱས་པ་རེད། འདི་ལོའི་ཟླ་བ་བདུན་པའི་བར་གྱོད་འབྲེལ་དངུལ་སྒོར་ཁྲི་9.2ཚུར་ལེན་ཐུབ་པ་བྱུང་ཡོད།