ཡུལ་སྐོར་བར་བློ་བདེའི་ངང་ཡུལ་སྐོར་བྱེད་པའི་ཁོར་ཡུག་བཟང་པོ་བཏོད་པ།
—— ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་ཡུལ་སྐོར་ཁྲོམ་ར་བཅོས་སྒྲིག་ལ་ཤུགས་སྣོན་བརྒྱབ་པ།
ཡུལ་སྐོར་བ་མང་བའི་དུས་ཚིགས་ཤར་བ་དང་བསྟུན་ནས་ལྷ་ས་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་ལྷ་ས་གྲོང་ཁྱེར་ཡོངས་སུ་ཡུལ་སྐོར་འཕེལ་རྒྱས་ཤུགས་ཆེན་གཏོང་བའི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་པ་དང་། ལྷ་ས་གྲོང་ཁྱེར་གྱི་ཡུལ་སྐོར་ལས་རིགས་ཀྱི་ཞབས་ཞུའི་འགན་ལེན་ཚད་ལྡན་དུ་གཏོང་བ། ལྷ་ས་གྲོང་ཁྱེར་གྱི་ཡུལ་སྐོར་ཞབས་ཞུའི་སྤུས་ཚད་མཐོ་རུ་གཏོང་བ། ཡ་རབས་ཞི་མཐུན་དང་ཡིད་རྟོན་གྱི་ཡུལ་སྐོར་ཁོར་ཡུག་གཏོད་པ། ཡུལ་སྐོར་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱ་ཆེད། ཉེ་དུས་ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟའདོམས་ཁོངས་གཏོགས་ཀྱིས་འགན་ནུས་ལ་གཞི་ཚུགས་པ་དང་རང་འགུལ་ངང་བྱ་སྤྱོད་སྤེལ་ནས་སྔ་རྗེས་སུ《ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཁོངས་གཏོགས་ཀྱི་ཡུལ་སྐོར་ཁྲོམ་རའི་ཕྱོགས་བསྡུས་བཅོས་སྒྲིག་ཇུས་གཞི》དང་། 《བཟའ་བཏུང་ལས་རིགས་ཀྱིས་ཟ་སྣོད་འཐུང་ཆས་མཁོ་འདོན་གྱི་ཞབས་ཞུ་ཚད་ལྡན་དུ་གཏོང་བའི་ཆེད་དོན་བཅོས་སྒྲིག་ཇུས་གཞི》 《ཁུལ་ཡོངས་ཀྱི་ཡུལ་སྐོར་འཕེལ་རྒྱས་ལས་དོན་གྱི་ཁྲོམ་ར་ལྟ་འདོམས་སྡེ་ཚན་གྱི་འགན་འཁྲིའི་གཙོ་གནད》 《ཡིད་རྟོན་སྒྲིག་མཐུན་ངང་གཉེར་སྐྱོང་བྱེད་པའི་མཛུབ་ཁྲིད་ལག་དེབ》 《ལྷ་ས་གྲོང་ཁྱེར་གྱི་ཡུལ་སྐོར་ཁྲོམ་རའི་ཡིད་རྟོན་གཉེར་སྐྱོང་གི་གྲོས་འགོའི་ཡི་གེ》བཅས་བཟོས་ནས་བཀྲམ་པ་རེད། གཞན་ཡང་། ཡུལ་སྐོར་ཁྲོམ་རའི་ཆེད་དོན་བཅོས་སྒྲིག་ལས་དོན་གྱི་ཆེད་དོན་ཚོགས་འདུ་ཐེངས་མང་འཚོགས་ནས་དམིགས་ཚད་དང་ལས་འགན་ཁ་གསལ་བཟོས་པ་དང་། ལས་ཀའི་བྱ་ཐབས་ལ་ཤུགས་སྣོན་བརྒྱབ་པ། ལས་ཀའི་བླང་བྱ་ཞིབ་ཚགས་སུ་གཏོང་བ་བཅས་བརྒྱུད་ཡུལ་སྐོར་ཐོན་རྫས་ཉོ་སྒྲུབ་དང་ཡུལ་སྐོར་པར་ལེན་སོགས་ཡུལ་སྐོར་ཁྲོམ་ར་ཚད་ལྡན་དུ་གཏོང་བ་དང་སྒྲིག་ལམ་བཅོས་སྒྲིག་བྱེད་པའི་ལས་དོན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བ་རེད།
འགན་ནུས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་དྲང་གཞག་གོ་རིམ་ལྡན་པའི་ཁྲོམ་རའི་ཁོར་ཡུག་དང་བདེ་འཇགས་བློ་བདེའི་འཛད་སྤྱོད་ཁོར་ཡུག་ཧུར་ཐག་བསྐྲུན་ནས་རྒྱ་ཆེའི་ཡུལ་སྐོར་བ་ལྷ་སར་ཟ་སྡོད་སྐོར་ཉོ་བློ་བདེ་ཡོང་ཆེད། ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་ཡུལ་སྐོར་ཐོན་རྫས་ཉོ་སྒྲུབ་བྱ་ཡུལ་ལ་དམིགས་ནས་ཆེད་དོན་བཅོས་སྒྲིག་བྱས་པ་རེད།
དྲིལ་བསྒྲགས་རྒྱ་ཁྱབ་བྱས་ནས“སྔོན་འགོག་ཁབ”ཡག་པོ་བརྒྱབ་ཅིང་། དོ་སྣང་བྱེད་མཁན་མང་བའི་སྨྱན་སྦྱོར་གྱི་ལེགས་ཆ་འདོན་སྤེལ་བྱས་ཏེ་ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱི་སྐད་འཕྲིན་སྤྱི་རྟགས་བརྒྱུད་ལྷ་ས་གྲོང་ཁྱེར་འཛད་སྤྱོད་པའི་མཐུན་ཚོགས་དང་མཉམ་འབྲེལ་བྱས་ནས་ལས་རིགས་ཀྱི་ཀུན་སྤྱོད་བརྩི་སྲུང་དང་། ཞབས་ཞུའི་ཁས་ལེན་ལག་བསྟར། སྤུས་ལེགས་ཞབས་ཞུ་མཁོ་འདོན། ཞི་མཐུན་ཁོར་ཡུག་སྐྲུན་པ་བཅས་ནང་དོན་དུ་བྱས་པའི《ལྷ་ས་གྲོང་ཁྱེར་གྱི་ཡུལ་སྐོར་ཁྲོམ་རའི་ཡིད་རྟོན་གཉེར་སྐྱོང་གི་གྲོས་འགོའི་ཡི་གེ》ཁྱབ་བསྒྲགས་བྱས་ཏེ། ཡུལ་སྐོར་ལས་རིགས་ཀྱི་གཉེར་སྐྱོང་པས་རང་འགུལ་ངང་སྤྱི་ཚོགས་ཀྱི་འགན་འཁྲི་འཁུར་སེམས་ཆེ་རུ་གཏོང་བ་དང་། ཁྲིམས་བཞིན་སྒྲིག་མཐུན་ངང་གཉེར་སྐྱོང་བྱེད་པ། རང་འགུལ་ངང་ཁྲོམ་རའི་སྒྲིག་ལམ་དང་སྤྱི་དམངས་ཀྱི་ཁེ་ཕན་ལ་སྲུང་སྐྱོང་བཅས་བྱ་རྒྱུའི་དྲན་སྐུལ་བྱས་པ་རེད།
གཙོ་གནད་ཁ་གསལ་བཟོས་ནས“མེ་འགོག་གྱང”བརྟན་པོ་བསྐྲུན་ཞིང་། ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་ཡུལ་སྐོར་ཁྲོམ་རའི་ཕྱོགས་བསྡུས་བཅོས་སྒྲིག་ལས་དོན་བཀོད་སྒྲིག་ཚོགས་འདུ་འཚོགས་ནས་ཁུལ་ཡོངས་ཀྱི་ཡུལ་སྐོར་འཕེལ་རྒྱས་ལས་དོན་གྱི་དམིགས་ཚད་ལ་གཞིགས་ཏེ《ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཁོངས་གཏོགས་ཀྱི་ཡུལ་སྐོར་ཁྲོམ་རའི་ཕྱོགས་བསྡུས་བཅོས་སྒྲིག་ཇུས་གཞི》ཞིབ་འཇུག་བྱས་ནས་བཟོས་པ་དང་། འགན་འཁྲི་ཁ་གསལ་བཟོས་པ། གཙོ་གནད་ལས་དོན་གྱི་ནང་དོན་བཟོས་པ་རེད། ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་ཆེད་དོན་ཞིབ་བཤེར་ཚོགས་ཆུང་བཙུགས་ནས་གྲོང་ཁུལ་གཙོ་བོའི་ཡུལ་སྐོར་དང་འབྲེལ་བ་ཡོད་པའི་གཉེར་སྐྱོང་བྱེད་པོར་ལྟ་སྐུལ་ཞིབ་བཤེར་བྱས་པ་རེད། གཉེར་སྐྱོང་ཚན་པར་ཧམ་འཚོང་གི་ཁྲིམས་འགལ་སྒྲིག་འགལ་བྱེད་སྤྱོད་ཡོད་མེད་དང་། བཟའ་བཏུང་དང་བཟའ་བཅའ་གཉེར་སྐྱོང་ཚན་པར་ལག་ཁྱེར་ཆ་ཚང་ཡོད་མེད། ལས་གཉེར་མི་སྣའི་བདེ་ཐང་ལག་ཁྱེར་གྱི་དུས་བཀག་ཡོལ་ཡོད་མེད། ཟོག་འཐེན་ཞིབ་བཤེར་དང་དཔང་འཛིན་ལེན་པའི་ལམ་ལུགས་དོན་འཁྱོལ་བྱས་ཡོད་མེད། “གསུམ་མེད”ཐོན་རྫས་དང་དུས་བཀག་ཡོལ་བའི་བཟའ་བཅའ་ཕྱིར་ཚོང་བྱས་མིན། ཚོང་ཁྲོམ་ནང་གི་སྤྱོད་བཞིན་པའི་གློག་སྐས་ལ་ཞིབ་དཔྱད་དང་བདག་སྐྱོང་བྱས་ཡོད་མེད་སོགས་ལ་གཙོ་གནད་ཐོག་ཞིབ་བཤེར་བྱས་པ་རེད།