ཞབས་འདེགས་ཉེ་བཅར་བྱས། དམངས་ཀྱི་སེམས་ཁྲལ་སེལ།
—— ལྷ་ས་གྲོང་ཁྱེར་ཁྲེང་ཀོན་སྤྱི་བདེ་ཡན་ལག་ཅུས་ཀུན་བདེ་གླིང་མངགས་གཏོང་ཁང་རྒྱ་མཚོ་སྡེ་ཁུལ་ཉེན་དོན་ཁང་གི་སྐོར་བཀོད་པ།
མང་ཚོགས་ཀྱི་གཞི་རིམ་ལས་དོན་ཏན་ཏིག་བསྒྲུབས་ནས་སྤྱི་ཚོགས་ཀྱི་གནས་ཚུལ་དང་དམངས་འདོད་ཤེས་རྟོགས་དང་འགལ་བ་དང་རྩོད་གཞི་དུས་ཐོག་ཏུ་བསལ་ཏེ་ཁོངས་གཏོགས་ཁུལ་གྱི་སྤྱི་ཚོགས་སྤྱི་ཡོངས་རྒྱུན་མཐུད་བརྟན་ལྷིང་ཡོང་བའི་འགན་ལེན་བྱ་ཆེད། འདི་ལོ་ཚུན་དུ། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་སྤྱི་བདེ་ཡན་ལག་ཅུས་ཀུན་བདེ་གླིང་མངགས་གཏོང་ཁང་རྒྱ་མཚོ་སྡེ་ཁུལ་ཉེན་དོན་ཁང་གིས་ལས་ཀའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། ཁོངས་གཏོགས་ཁུལ་དུ་ཐེངས་མང་བསྐྱོད་ནས་བརྟན་ལྷིང་ལ་ཤུགས་རྐྱེན་ཐེབས་པའི་འགལ་བ་དང་རྩོད་གཞི་རྟོག་ཞིབ་དང་ཁོང་དུ་ཆུད་པར་བྱས་ཏེ། སྔ་ཙམ་ཤེས་རྟོགས་དང་། སྔ་ཙམ་འདུམ་འགྲིག སྔ་ཙམ་སེལ་བ་བཅས་བྱས་ནས་འགལ་བ་ཆུང་ངུ་དང་གནད་དོན་ཆུང་ངུ་གནད་དོན་ཆེན་པོ་དང་གྱོད་གཞི་ཆེན་པོར་མ་འགྱུར་སྔོན་འགོག་བྱས་པ་རེད།
ཁོངས་གཏོགས་ཁུལ་གྱི་ཚོང་ཁང་ཁག་ཏུ་མི་དམངས་ཉེན་རྟོག་པས་ལྡིར་སོ་སྤྲོས་ཆས་དང་མེ་ཟོན་ཡོ་བྱད་སོགས་སྒྲིག་བཀོད་ཀྱི་ཚད་གཞི་ལོན་མིན་དང་། ནུས་པ་ཐོན་མིན། དེ་བཞིན་བགྲོད་ལམ་ཤར་གཏོང་ཐུབ་མིན་སོགས་ལ་ཕྱོགས་ཡོངས་ནས་ཞིབ་བཤེར་དང་ཚད་ལེན་ཚོད་ལྟ་བྱས་པ་དང་སྦྲགས། ས་གནས་ས་ཐོག་ཏུ་ཚོང་ཁང་ཁག་གི་འགན་འཁུར་མི་སྣར་བདེ་འཇགས་ཐད་མཛུབ་ཁྲིད་བྱས་ཏེ། ཚང་མར་སྒོ་དང་སྒེའུ་ཁུང་ཡག་པོ་རྒྱག་པ་དང་། ཚོང་ཁང་ནང་དངུལ་སྨར་འབོར་ཆེན་ཉར་མི་རུང་བ། ལྡིར་སོ་སྤྲོས་ཆས་ངེས་པར་དུ་བསྒར་དགོས་པ་སོགས་དྲན་སྐུལ་ཡང་བྱས་པ་རེད།
དུད་ཚང་དུ་བསྐྱོད་ནས་འདྲི་རྩད་བྱེད་རིང་། མི་དམངས་ཉེན་རྟོག་པས་བྱ་ཐབས་སྣ་མང་ལ་བརྟེན་ནས་གློག་འཕྲིན་དྲ་རྒྱའི་ཁ་བསླུས་རྒྱག་སྟངས་དང་ཁང་པའི་ནང་འཛུལ་ནས་རྐུ་འཕྲོག་གྱོད་གཞིར་དབྱེ་ཞིབ་ཞིབ་ཕྲ་བྱས་པ་དང་འབྲེལ། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བདེ་འཇགས་དོ་དམ་ཆད་གཅོད་བཅའ་ཁྲིམས》དང་། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས》 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མེ་ཟོན་བདེ་འཇགས་བཅའ་ཁྲིམས》སོགས་བཅའ་ཁྲིམས་དང་ཁྲིམས་སྲོལ་ངོ་སྤྲོད་བྱས་པ་རེད། དེ་དང་དུས་མཚུངས། མང་ཚོགས་ལ་ངོ་ཐུག་གདོང་འཕྲད་ཀྱིས་ཁ་བསླུས་ལ་ངོ་རྒོལ་དང་རྐུན་འགོག་གི་ཤེས་བྱ་ཁྱབ་གདལ་བཏང་ནས། མང་ཚོགས་ཀྱི་དོགས་གནད་སེལ་བ་དང་། ཁོངས་གཏོགས་ཁུལ་གྱི་མང་ཚོགས་ཀྱིས་རང་རྟོགས་ངང་སྒྲིག་ཁྲིམས་ལ་བརྩི་སྲུང་བྱ་རྒྱུར་ཁྲིད་སྟོན་བྱས་ཏེ། ལས་དོན་སྒྲུབ་དུས་ཁྲིམས་གཞིར་འཛིན་པ་དང་། གནས་ཚུལ་འཕྲད་དུས་ཁྲིམས་ཁུངས་འཚོལ་བ། དོན་ཐག་གཅོད་དུས་ཁྲིམས་ལ་བསྟུན་པ། འགལ་ཟླ་ཐུག་དུས་ཁྲིམས་བཞིན་སེལ་བ་བཅས་བྱས་ཏེ་ཁོངས་གཏོགས་ཁུལ་གྱི་བདེ་འཇགས་བརྟན་ལྷིང་ཡོང་བར་སྲུང་སྐྱོང་ནུས་ལྡན་བྱས་པ་རེད།