མངའ་རིས་ས་ཁུལ་དུག་འགོག་ཉིང་ལག་རུ་ཁག་གིས་སྦྲིད་སྨན་དང་ཀླད་རྩའི་སྨན་རྫས་ལ་ཆེད་དོན་ཞིབ་བཤེར་བྱས་པ།
ཟླ་7ཚེས་3ཉིན་མངའ་རིས་ས་ཁུལ་དུག་འགོག་ཉིང་ལག་རུ་ཁག་གིས་ས་ཁུལ་གྱི་སྨན་བཅོས་སྒྲིག་གཞི་དང་སྨན་རྫས་ཚོང་ཁང་དུ་སྦྲིད་སྨན་དང་ཀླད་རྩའི་སྨན་རྫས་ལ་ཆེད་དོན་ཞིབ་བཤེར་བྱས་པ་རེད།
ཆེད་དོན་ཞིབ་བཤེར་བྱེད་རིང་། མི་དམངས་ཉེན་རྟོག་པས་ས་ཁུལ་གྱི་སྨན་བཅོས་སྒྲིག་གཞི་དང་སྨན་རྫས་ཚོང་ཁང་གི་སྦྲིད་སྨན་དང་ཀླད་རྩའི་སྨན་རྫས་ཀྱི་བདེ་འཇགས་དོ་དམ་ལམ་ལུགས་དང་། གསོག་ཉར། མཛོད་དུ་འཇུག་པ་དང་འདོན་པ། བྲིན་ཚོང་རྩིས་ཁྲ་བཅས་བདེ་འཇགས་དོ་དམ་གྱི་ཚད་གཞི་དང་མཐུན་མིན་ཞིབ་བཤེར་ནན་པོ་བྱས་པ་རེད།
ད་ཐེངས་ཀྱི་ཆེད་དོན་ཞིབ་བཤེར་ནང་ཁྱོན་བསྡོམས་སྨན་བཅོས་སྒྲིག་གཞི་4དང་སྨན་རྫས་ཚོང་ཁང་4ལ་ཞིབ་བཤེར་བྱས་ཤིང་། ཞིབ་བཤེར་བྱེད་རིང་གནད་དོན་2ཤེས་རྟོགས་ཐུབ་པ་དེ་འཕྲལ་མར་དག་ཐེར་བྱེད་དགོས་པའི་བཀའ་བཏང་བ་རེད། ཆེད་དོན་ཞིབ་བཤེར་བྱས་པ་བརྒྱུད། སྨན་རྫས་ཚོང་གཉེར་བྱེད་མཁན་གྱི་འགན་འཁྲིའི་འདུ་ཤེས་སྔར་བས་ཟབ་ཏུ་སོང་བ་དང་། སྨན་བཅོས་སྒྲིག་གཞི་དང་སྨན་རྫས་ཚོང་ཁང་གིས་སྦྲིད་སྨན་དང་ཀླད་རྩའི་སྨན་རྫས་ལ་དོ་དམ་ཚོད་འཛིན་གྱི་བྱ་ཐབས་དོན་འཁྱོལ་བྱེད་ཤུགས་ཆེ་རུ་ཕྱིན་ཏེ་སྦྲིད་སྨན་དང་ཀླད་རྩའི་སྨན་རྫས་ཁྲིམས་དང་མ་མཐུན་པར་སྤྱོད་རྒྱུ་སྔོན་འགོག་ནུས་ལྡན་ཐུབ་ཡོད།