བོད་ལྗོངས་ནགས་ཚལ་མེ་ཟོན་སྤྱི་ཁྱབ་རུ་ཁག་གིས་གྲ་སྒྲིག་ཨང་བསར་བྱས་ནས་འབྲུབ་དུས་ཀྱི་གནོད་འཚེ་སྔོན་འགོག་བྱེད་པ།
ཉེན་ཁའི་གནས་ཚུལ་འདྲ་བཟོ་བྱེད་པ།
དྲག་ཏུ་བཞུར་བའི་ཆུ་ནང་རོགས་སྐྱོབ་བྱེད་པ།
གྲུ་གཟིངས་ཨ་ལོག་བརྒྱབ་རྗེས་རང་སྐྱོབ་བྱེད་པ།
ཐག་པ་དབྱུགས་ནས་སྲོག་སྐྱོབ་བྱེད་པ།
རྒྱུག་ཆུའི་ནང་དཔའ་ངར་ཆེན་པོས་སྐྱོད་པ།
ཉེ་ཆར་བོད་ལྗོངས་ནཌ་ཚལ་མེ་ཟོན་སྤྱི་ཁྱབ་རུ་ཁག་གིས་གནམ་གཤིས་འགྱུར་ལྡོག་མང་བ་དང་དྲག་ཆར་བབས་པའི་གནོད་འཚེའི་ཁྱད་ཆོས་ལ་དམིགས་པ་དང་ལོ་ལྟར་གྱི་ཆུ་རྒྱས་ཚུལ་དང་ཟུང་འབྲེལ་བྱས་ཏེ། སྔ་སྣུར་དུ་ཇུས་འགོད་དང་བཀོད་སྒྲིག་བྱས་ནས། འབྲུབ་འགོག་གི་གྲ་སྒྲིག་ལས་དོན་ཁག་ནུས་ཤུགས་ཡོད་རྒུས་བསྒྲུབས་པ་རེད།
འབྲུབ་འགོག་ཉེན་སེལ་གྱི་ཐོག་མའི་དམག་འཐབ་སྟོབས་ཤུགས་ཡིན་པའི་གཞི་རིམ་རུ་ཆེན་དང་རུ་འབྲིང་གིས་འབྲུབ་འགོག་ཉེན་སེལ་ལས་དོན་སྐོར་གྱི་གོང་རིམ་གྱི་འབྲེལ་ཡོད་བཀོད་སྒྲིག་བླང་བྱ་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ་དུས་ཐོག་ཏུ་དམག་གྲབས་སློབ་གསོ་སྤེལ་བ་དང་དུས་བཀག་ལྟར་གནོད་འཚེའི་གནས་ཚུལ་དང་དུས་བབ་ལ་དབྱེ་ཞིབ་བྱས་པ་དང་འབྲེལ། བླང་བྱ་ལྟར་དམག་གྲབས་ཀྱི་རིམ་པ་བསྒྱུར་བ་རེད། ཉིང་ཁྲི་དང་། གཞིས་རྩེ། ལྷོ་ཁ་བཅས་ཀྱི་ཚན་པ་གསུམ་གྱིས་ནུས་ཤུགས་ཡོད་རྒུས་སྦྱོང་བརྡར་ཆ་རྐྱེན་གྱི་ཚོད་འཛིན་དང་དཀའ་ངལ་ཁྱད་བསད་བྱས་ནས། ས་གནས་དེ་གའི་སྲིད་གཞུང་དང་འཕྲལ་སྡོམ་སྡེ་ཚན་དབར་འབྲེལ་མཐུད་ཧུར་ཐག་བྱས་ཤིང་། ཆུ་རྐྱལ་ཁང་དང་བདེ་འཇགས་ལྡན་པའི་ཆུ་ཁོངས་དང་མཐུན་སྦྱོར་བྱས་ཏེ་རྒྱུན་རྣམ་ཅན་གྱི་སྒོ་ནས་རིགས་ཁག་གི་རྨང་གཞིའི་རྩལ་ནུས་སྦྱོང་བརྡར་བྱས་པ་རེད།
སྦྱོང་བརྡར་གྱི་ཕན་འབྲས་ལ་སྔར་བས་ཞིབ་བཤེར་དང་སྦྱོང་བརྡར་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་ཆེད། ཉེ་ཆར། སྤྱི་ཁྱབ་རུ་ཁག་གིས་བཅའ་སྡོད་བྱ་ཡུལ་གྲོང་ཁྱེར་དུ་འཁྱིལ་ཆུའི་གནོད་སྐྱོན་ཐོན་པའི་ཁུལ་བྱས་ཏེ། བརྙན་ལམ་བརྒྱུད་ནས་ཚན་པ་ཁག་སྒྲིག་འཛུགས་ཀྱིས་ཆུ་ཁོངས་རོགས་སྐྱོབ་ཀྱི་ཕྱོགས་བསྡུས་ནང་སྦྱོང་བྱས་ཤིང་། གྲུ་གཟིངས་གཏོང་བ་དང་། གྲུ་གཟིངས་ཨ་སློག་བརྒྱབ་རྗེས་རང་སྐྱོབ། ཁེར་ཆགས་གླིང་ཕྲན་དུ་རོགས་སྐྱོབ། དེ་བཞིན་དྲག་ཏུ་བཞུར་བའི་ཆུ་ནང་རོགས་སྐྱོབ་བཅས་ཀྱི་དངོས་སྦྱོང་ཚན་ཁག་བཞི་བཀོད་སྒྲིག་བྱས་པ་རེད། ནང་སྦྱོང་བྱེད་རིང་ཚན་པ་ཁག་གིས་ཞིབ་འཇུག་ཞིབ་ཚགས་བྱས་ནས་ཇུས་གཞི་བཟོས་པ་དང་། ཚན་རིག་དང་མཐུན་པར་རོགས་སྐྱོབ་ཚོགས་ཆུང་དབྱེ་བ། རོགས་སྐྱོབ་ལས་འགན་ཁག་བགོས་ཁ་གསལ་བཟོ་བ་བཅས་བྱས་པར་སྦྱོང་བརྡར་གྱི་ཕན་འབྲས་ཡག་པོ་ཐོན་ཏེ། དཔུང་ཁག་གི་འཕྲལ་སྡོམ་དང་ལེན་དང་། ཐབས་ཇུས་བཀོད་འདོམས། ཆུ་ཐོག་རོགས་སྐྱོབ་བཅས་ཀྱི་ནུས་པར་ཕྱོགས་ཡོངས་ནས་ཞུན་བརྡར་བྱས་པ་རེད།