ལྷ་ས་གྲོང་ཁྱེར་གྱིས་བཟའ་བཏུང་ཚན་པའི་བཟའ་འཐུང་སྣོད་ཆས་ཀྱི་རིན་གོང་གསལ་པོ་བསྡུ་བའི་བྱ་སྤྱོད་ལ་ཞིབ་བཤེར་བྱས་པ།
“འཛད་སྤྱོད་གསལ་པོ་དང་འཛད་སྤྱོད་བློ་བདེ”ཡི་བཟའ་བཏུང་ཞབས་ཞུའི་འཛད་སྤྱོད་ཁོར་ཡུག་བསྐྲུན་ནས་འཛད་སྤྱོད་པའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་ཏན་ཏིག་བྱ་ཆེད། ཉེ་ཆར། ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས《བཟའ་བཏུང་ལས་རིགས་ཀྱིས་བཟའ་འཐུང་སྣོད་ཆས་མཁོ་འདོན་གྱི་ཞབས་ཞུ་ཚད་ལྡན་དུ་གཏོང་བའི་ཆེད་དོན་བཅོས་སྒྲིག་ཇུས་གཞི》བཀྲམ་ཞིང་། ཞབས་ཞུ་ཚད་ལྡན་དུ་གཏོང་རྒྱུ་དམིགས་ཡུལ་དུ་བཟུང་སྟེ་བཟའ་བཏུང་ཚན་པའི་བཟའ་འཐུང་སྣོད་ཆས་ཀྱི་རིན་གོང་གསལ་པོ་བསྡུ་བ་ཕྱོགས་ཡོངས་ལ་ཁྱབ་པའི་དྲིལ་བསྒྲགས་མཛུབ་ཁྲིད་བྱས་ཤིང་། གྲོང་ཁྱེར་དང་རྫོང་རིམ་པ་གཉིས་ཀྱི་ཁྲོམ་ར་ལྟ་འདོམས་སྡེ་ཚན་གྱིས་མཉམ་འགུལ་བྱས་ཏེ། བཟའ་བཏུང་ཚན་པར་རིམ་པ་དང་རིགས་དབྱེ་ནས་དུས་འགོའི་མཐིལ་བཤེར་བྱས་པ་མ་ཟད། 《བཟའ་བཏུང་ལས་རིགས་ཀྱི་རིན་གོང་གསལ་པོར་འགོད་རྒྱུའི་སྐོར་གྱི་དྲན་སྐུལ་གྱི་བསླབ་འདོམས་ཡི་གེ》སྤྲད་པ་རེད།
དུས་མཚུངས་སུ་བཟའ་བཏུང་ལས་རིགས་ཀྱི་གཉེར་སྐྱོང་བྱེད་པོ་200ལྷག་ཙམ་སྒྲིག་འཛུགས་བྱས་ནས་རིན་གོང་བྱ་སྤྱོད་ཀྱི་སྲིད་འཛིན་མཛུབ་ཁྲིད་ཐད་ཀྱི་གསོ་སྦྱོང་བྱས་ཏེ། གཉེར་སྐྱོང་པར་རིན་གོང་གསལ་འགོད་ཀྱི་བྱ་སྤྱོད་ཚད་གཞིར་བརྩི་སྲུང་ནན་པོ་ཞུ་བ་དང་། ཚོང་ཟོག་གི་རིན་གོང་ཤོག་བྱང་དང་། རིན་གོང་གི་རེའུ་མིག ཟ་མ། ཏན་ཞིམ་གཱ་སོགས་སྤྱད་དེ་རིན་གོང་འགོད་པ། རིན་གོང་འགོད་སྐབས་ཨང་ཀི་སྤྱད་དེ་མི་དམངས་ཤོག་སྒོར་གྱི་དངུལ་གྲངས་གསལ་པོར་འགོད་པ། མཚོ་ཟས་རིགས་ཀྱི་ཟ་མའི་ཉིན་དེ་རང་གི་གོང་ཚད་དེ་རིན་གོང་ཤོག་བྱང་བརྒྱུད་ནས་མཚོན་པ་ལས་རིན་གོང་རེའུ་མིག་དང་། འབྲི་སའི་བྱང་བུ། ཚལ་ཐོ་བཅས་ཀྱི་ནང་དུ“དུས་གོང”ཞེས་པའི་རིན་གོང་གསལ་ལ་མི་གསལ་འགོད་མི་ཆོག་པ་བཅས་ཀྱི་བསླབ་འདོམས་བྱས་པ་རེད།
བཟའ་འཐུང་སྣོད་ཆས་དང་། གཙང་ཤོག ཟས་ཆུང་བཅས་སྤྲོད་སྐབས་གྲོན་དངུལ་བསྡུ་བ་ཡིན་ན། བཟའ་བཏུང་ཁང་གིས་ངེས་པར་དུ་སྐུ་མགྲོན་ལ་རིན་གོང་དང་གྲོན་དངུལ་བསྡུ་བའི་ཚད་གཞི་གསལ་པོར་ཤོད་དགོས། ཟ་མ་དང་། ཆང་རག ཐ་མག བཟའ་བཏུང་ཞབས་ཞུ་བཅས་མཁོ་འདོན་བྱེད་སྐབས་རིན་གོང་གི་ཟུར་སྣོན་ཆ་རྐྱེན་ཡོད་ན་ངེས་པར་དུ་གསལ་པོ་འགོད་དགོས། གཟིགས་སྐྱོང་རྫུན་མའི་གོང་གཅོག་ལ་བརྟེན་ནས་འཛད་སྤྱོད་པར་མགོ་སྐོར་བཏང་སྟེ་འཛད་སྤྱོད་བྱེད་དུ་འཇུག་མི་ཆོག
ཆེད་དོན་བཅོས་སྒྲིག་ལས་དོན་དོན་འཁྱོལ་ཐུབ་ཆེད། ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་རང་སྐྱོང་ལྗོངས་གཡོས་སྦྱོར་བཟའ་བཏུང་ཟ་ཁང་ལས་རིགས་མཐུན་ཚོགས་དང་མཉམ་འབྲེལ་བྱས་ནས། ཉིན་2རིང་བཟའ་འཐུང་སྣོད་ཆས་ཀྱི་རིན་གོང་གསལ་པོ་བསྡུ་བའི་གནས་ཚུལ་ལ་ཆེད་དོན་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་བྱས་ཤིང་། ཁྱོན་བཟའ་བཏུང་ཁང་40ལྷག་ཙམ་ལ་ཞིབ་བཤེར་བྱས་པ་དང་། གསོ་སྦྱོང་དང་བསླབ་འདོམས་བྱས་ཀྱང་དག་ཐེར་དོན་འཁྱོལ་བྱུང་མེད་པའི་བཟའ་བཏུང་ཁང་3ལ་འཕྲལ་མར་སྲིད་འཛིན་ཉེས་ཆད་སྒོར་1400བཏང་ཡོད།