དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • གྲོ་མོ་མཐའ་མཚམས་འཛུལ་སྒྲོལ་མཐའ་སྲུང་ཞིབ་བཤེར་ས་ཚིགས་ཀྱིས།

    དམངས་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་སློབ་གསོའི་རིགས་འབྲེལ་བཅའ་ཁྲིམས་ཁྱབ་གདལ་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-07-09

    འདི་ནི་མི་དམངས་ཉེན་རྟོག་པས་མང་ཚོགས་ལ་བཅའ་ཁྲིམས་དང་ཁྲིམས་སྲོལ་དྲིལ་བསྒྲགས་བྱེད་བཞིན་པ།

    འདི་ནི་མི་དམངས་ཉེན་རྟོག་པས་གྲོ་མོ་རྫོང་སློབ་འབྲིང་དུ་རྒྱལ་ཁབ་བདེ་འཇགས་སློབ་གསོའི་བཅའ་ཁྲིམས་ཁྱབ་གདལ་བྱེད་སྒོ་སྤེལ་བཞིན་པ།

    འདི་ག་ཚགས་པར་ཁང་དུ་གྲོ་མོ་ནས་གློག་འཕྲིན་འབྱོར་གསལ། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་གྲོ་མོའི་མཐའ་མཚམས་སུ་རྩ་བ་ཚུགས་པ་དང་ཕན་འབྲས་དངོས་ཐོན་པར་སྐུལ་འདེད་ཏན་ཏིག་གཏོང་ཆེད། ཉིན་ཤས་གོང་། གྲོ་མོ་མཐའ་མཚམས་འཛུལ་སྒྲོལ་མཐའ་སྲུང་ཞིབ་བཤེར་ས་ཚིགས་ཀྱིས་གྲོ་མོ་རྫོང་གི་རྒྱལ་ཁབ་བདེ་འཇགས་ཨུ་ལྷན་དང་། གྲོ་མོ་འགག་སྒོའི་རྒྱལ་ཁབ་བདེ་འཇགས་ཅུས། གྲོ་མོ་རྫོང་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སོགས་མཛའ་གྲོགས་ཚན་པ་མང་པོ་དང་མཉམ་དུ་གྲོ་མོའི་ས་མཚམས་སུ་བསྐྱོད་དེ་བྱ་ཐབས་སྣ་མང་དང་། རྣམ་པ་མང་བ། གཏིང་ཟབ་པ་བཅས་ཀྱི་དམངས་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་སློབ་གསོའི་རིགས་འབྲེལ་བཅའ་ཁྲིམས་ཁྱབ་གདལ་བྱེད་སྒོ་སྤེལ་བ་རེད།

    གྲོང་གསེབ་ཏུ་བཅའ་ཁྲིམས་ཁྱབ་གདལ་བཏང་ནས་མཐའ་མཚམས་བདེ་འཇགས་ཀྱི་འགོག་སྲུང་འཛིང་རགས་བརྟན་པོ་བསྐྲུན་ཞིང་། དམངས་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་སློབ་གསོའི“མཐའ་མཚམས་རྒྱུག་མཐུད་བྱ་སྤྱོད”ཀྱི་བྱེད་སྒོར་གང་ལེགས་བརྟེན་པ་དང་། མི་དམངས་ཉེན་རྟོག་པ་སྒྲིག་འཛུགས་བྱས་ཏེ་མཐའ་མཚམས་ཀྱི་འབྱོར་འབྲིང་གྲོང་ཚོར་སྐྱོད་པ། མང་ཚོགས་དང་མཉམ་དུ་རྒྱལ་ཁབ་བདེ་འཇགས་སློབ་གསོའི་བརྗོད་དོན་གཙོ་བོའི་སྐོང་འཁྲབ་ལ་ལྟ་བ། 《རྒྱལ་ཁབ་བདེ་འཇགས་ཀྱི་བཅའ་ཁྲིམས》དང《རྒྱལ་མཚམས་འཛུལ་སྒྲོལ་དོ་དམ་བཅའ་ཁྲིམས》སོགས་བཅའ་ཁྲིམས་དང་ཁྲིམས་སྲོལ་དྲིལ་བསྒྲགས་རྒྱ་ཁྱབ་བྱེད་པ། ཐེར་འདོན་བྱ་དགའི་ལམ་ལུགས་དང་ཚུར་ལན་ཐབས་ལམ་གཙོ་གནད་དུ་ཁྱབ་གདལ་གཏོང་བ། རྒྱལ་ཁབ་ཀྱི་བདེ་འཇགས་དང་མཐའ་མཚམས་བརྟན་ལྷིང་ལ་གནོད་པའི་ཁུངས་སྣེ་དང་ཆ་འཕྲིན་མང་ཚོགས་ཀྱིས་ཤེས་རྟོགས་ཐུབ་སྐབས་དུས་ཐོག་ཏུ་གོང་རིམ་ལ་སྙན་སེང་ཞུ་བར་ཁྲིད་སྟོན་བཅས་བྱས་ནས་ཉེན་རྟོག་དང་མི་དམངས་མཉམ་འགོག་མཉམ་སྡོམ་གྱི་བདེ་འཇགས་ཀྱི་འགོག་སྲུང་འཛིང་རགས་མཉམ་དུ་བསྐྲུན་པ་རེད།

    བཅའ་ཁྲིམས་སློབ་གྲྭར་ཁྱབ་གདལ་བཏང་ནས་རྒྱལ་ཁབ་ཀྱི་བདེ་འཇགས་འདུ་ཤེས་ཟབ་ཏུ་བཏང་ཞིང་། གྲོ་མོ་རྫོང་སློབ་འབྲིང་དུ་བསྐྱོད་དེ་རྒྱལ་ཁབ་བདེ་འཇགས་སློབ་གསོའི་བཅའ་ཁྲིམས་ཁྱབ་གདལ་བྱེད་སྒོ་སྤེལ་བ་རེད། དེའི་རིང་དྲིལ་བསྒྲགས་མི་དམངས་ཉེན་རྟོག་པས་དཔྱད་གཞིའི་ཡིག་རིགས་སྤྲོད་པ་དང་ས་གནས་ས་ཐོག་ཏུ་སྒྲོག་འགྲེལ་བྱེད་པ་སོགས་ཀྱི་རྣམ་པ་བརྒྱུད་གོ་བདེ་ཤེས་སླའི་སྐད་ཆ་ནས་སྤྱི་ཡོངས་ཀྱི་རྒྱལ་ཁབ་ཀྱི་བདེ་འཇགས་ལྟ་བའི་ནང་དོན་གཙོ་བོར་འགྲེལ་བཤད་ཞིབ་ཕྲ་བརྒྱབ་སྟེ། གཞོན་ནུ་ལོ་ཆུང་རྣམས་ལ་རང་ངོས་ནས་འགོ་བཙུགས་ཏེ་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་བྱེད་མཁན་དང་ལག་ལེན་བསྟར་མཁན་ཞིག་བྱེད་པར་ཁྲིད་སྟོན་བྱས་པ་རེད།

    བཅའ་ཁྲིམས་ཁྲོམ་གཞུང་དུ་ཁྱབ་གདལ་བཏང་ནས་རྒྱལ་གཅེས་རིང་ལུགས་ཀྱི་སྙིང་སྟོབས་བརྒྱུད་སྤྲོད་བྱས་ཤིང་། མི་དམངས་ཉེན་རྟོག་པ་གྲོ་མོ་རྫོང་གི་ཁྲོམ་གཞུང་གཙོ་བོར་བསྐྱོད་དེ་དྲིལ་བསྒྲགས་ས་ཚིགས་འཛུགས་པ་དང་། འཕྲེད་ཡིག་འགེལ་བ། དུད་ཚང་དུ་འདྲི་རྟོགས་སོགས་ཀྱི་བྱ་ཐབས་སྤྱད་དེ་གྱོད་བརྟེན་ཁྲིམས་འགྲེལ་བྱས་ནས་མཐའ་མཚམས་མང་ཚོགས་ལ“ཅི་ཞིག་རྒྱལ་ཁབ་བདེ་འཇགས་ཡིན་པ”དང“བྱེད་སྤྱོད་གང་དག་གིས་རྒྱལ་ཁབ་ཀྱི་ཁེ་ཕན་དང་བརྟན་ལྷིང་ལ་གནོད་སྲིད་པ”སོགས་ཀྱི་ནང་དོན་ལ་འགྲེལ་བཤད་བརྒྱབ་པ་དང་འབྲེལ། ཚོང་པ་ཁག་ལ་ཁྲིམས་མཐུན་དང་ཚད་ལྡན་གཉེར་སྐྱོང་དང་། རང་འགུལ་ངང་ཁྲིམས་འགལ་ཉེས་གསོག་བྱེད་སྤྱོད་དང་དབྱེ་མཚམས་གསལ་པོ་འབྱེད་པ། རྒྱལ་ཁབ་ཀྱི་བདེ་འཇགས་དང་མཐའ་མཚམས་ཀྱི་བདེ་འཇགས་དང་བརྟན་ལྷིང་ལ་སྲུང་སྐྱོང་བྱེད་པའི་གྲལ་དུ་རང་འགུལ་ངང་ཞུགས་པ་བཅས་ཀྱི་སློབ་གསོ་བཏང་བ་དང་འབོད་སྐུལ་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།