དམངས་དོན་ཁྲིམས་གཞུང་ལས་དངོས་དབང་སྐོར་གྱི་དྲི་བ་དྲིས་ལན།
ཅ་དངོས་བཙོངས་པར་དོ་བདག་གི་མོས་མཐུན་མེད་ཚེ་ཉོ་མཁན་ལ་ཅ་དངོས་དེ་བདག་པའི་དབང་ཆ་ཡོད་དམ།
● དོན་ཚན་སུམ་བརྒྱ་དང་བཅུ་གཅིག་པ། ཐག་གཅོད་བྱེད་དབང་མེད་པའི་མིས་བརྟན་ནོར་རམ་འགུལ་ནོར་བཤུག་ལེན་བྱེད་མི་ལ་བཤུག་སྤྲོད་བྱས་ཚེ། བདག་དབང་བདག་པོ་ལ་དེ་འདེད་ལེན་བྱེད་དབང་ཡོད། བཅའ་ཁྲིམས་ཀྱིས་ལོགས་སུ་གཏན་འབེབས་བྱས་ཡོད་པ་ཕུད། གཤམ་གསལ་གནས་ཚུལ་དང་མཐུན་པ་ཡིན་ན། བཤུག་ལེན་བྱེད་མི་ལ་བརྟན་ནོར་རམ་འགུལ་ནོར་གྱི་བདག་དབང་འཐོབ་པ་ཡིན། (གཅིག) བཤུག་ལེན་བྱེད་མིས་བརྟན་ནོར་རམ་འགུལ་ནོར་དེ་ལེན་སྐབས་སེམས་བཟང་ཡིན་པ། (གཉིས) ལུགས་མཐུན་གྱི་རིན་གོང་ཐོག་ནས་བཤུག་སྤྲོད་བྱས་པ། (གསུམ) བཤུག་སྤྲོད་བྱས་པའི་བརྟན་ནོར་རམ་འགུལ་ནོར་དེ་བཅའ་ཁྲིམས་ཀྱི་གཏན་འབེབས་ལྟར་ཐོ་འགོད་བྱེད་དགོས་པ་ཐོ་འགོད་བྱས་ཟིན་པ་དང་། ཐོ་འགོད་བྱེད་མི་དགོས་པ་བཤུག་ལེན་བྱེད་མི་ལ་སྤྲད་ཟིན་པ།
བཤུག་ལེན་བྱེད་མི་ལ་གོང་གསལ་ནང་གསེས་དོན་ཚན་གྱི་གཏན་འབེབས་ལྟར་བརྟན་ནོར་རམ་འགུལ་ནོར་གྱི་བདག་དབང་ཐོབ་ན། མ་གཞིའི་བདག་དབང་བདག་པོས་ཐག་གཅོད་བྱེད་དབང་མེད་པའི་མི་དེ་ལ་གནོད་སྐྱོན་གྱི་སྐྱིན་གསབ་འཇལ་དགོས་པའི་རེ་འདུན་བཏོན་ཆོག དོ་བདག་ལ་སེམས་བཟང་ངང་དངོས་དབང་གཞན་དག་ཐོབ་པར། གོང་གསལ་ནང་གསེས་དོན་ཚན་གཉིས་ཀྱི་གཏན་འབེབས་དཔེ་གཞི་བྱས་ནས་སྤྱད་འཐུས།
● དོན་ཚན་སུམ་བརྒྱ་དང་བཅུ་གསུམ་པ། སེམས་བཟང་བཤུག་ལེན་བྱེད་མི་ལ་འགུལ་ནོར་ཐོབ་རྗེས། འགུལ་ནོར་དེའི་མ་གཞིའི་ཁེ་དབང་མེད་པར་གྱུར་པ་ཡིན། ཡིན་ནའང་སེམས་བཟང་བཤུག་ལེན་བྱེད་མིས་བཤུག་ལེན་བྱེད་སྐབས་ཁེ་དབང་དེ་ཤེས་པའམ་ཤེས་དགོས་པ་འདིའི་ཁོངས་སུ་མི་ཚུད།
ཁྲིམས་ལུགས་འཆད་སྟེགས།
སེམས་བཟང་ངང་འཐོབ་པའི་ལམ་ལུགས་ཞེས་པ་ནི་ཐག་གཅོད་བྱེད་དབང་མེད་པའི་མིས་རྒྱུ་ནོར་ལ་རིན་པ་ཡོད་པའི་ངང་ཕྱོགས་གསུམ་པར་བཤུག་པ་དང་། བཤུག་ལེན་བྱེད་མིས་རྒྱུ་ནོར་དེ་སེམས་བཟང་ངང་བླངས་ནས་འཕྲལ་མར་རྒྱུ་ནོར་དེ་ཁྲིམས་བཞིན་བདག་པའི་དབང་ཆ་སྤྱོད་པའི་བཅའ་ཁྲིམས་ཀྱི་ལམ་ལུགས་ཤིག་ཡིན། གལ་སྲིད་ཉོ་མཁན་གྱིས་སེམས་བཟང་ངང་ཁྲོམ་རའི་ལུགས་མཐུན་གྱི་གོང་ཚད་ལྟར་བུམ་པ་དེ་ཉོས་པ་མ་ཟད། འཚོང་མཁན་གྱིས་བུམ་པའི་བདག་པོའི་མོས་མཐུན་མི་བརྒྱུད་པར་རང་མཚམས་ངང་བཙོངས་པ་ཞིག་ཡིན་པ་མ་ཤེས་ཚེ། སེམས་བཟང་ངང་འཐོབ་པའི་ལམ་ལུགས་གཞིར་བཟུང་ནས་བུམ་པ་རང་ཉིད་ལ་བདག་པར་བྱེད་ཆོག སེམས་བཟང་ངང་འཐོབ་པའི་ལམ་ལུགས་བཟོས་པ་ནི་ཚོང་དོན་ཉོ་འཚོང་གི་སྒྲིག་ལམ་སྲུང་སྐྱོང་བྱེད་པའི་ཆེད་དུ་ཡིན་པ་དང་། དེས་སེམས་བཟང་ཅན་ཕྱོགས་གསུམ་པའི་ཉོ་ཚོང་བདེ་འཇགས་ཡོང་རྒྱུར་སྲུང་སྐྱོང་བྱེད་ཀྱི་ཡོད། གལ་སྲིད་ཉོ་མཁན་གྱིས་དངོས་པོ་དེའི་ཁེ་དབང་བདག་པོ་ཡོད་པ་ཤེས་བཞིན་དུ་སེམས་བཟང་ངང་འཐོབ་པའི་ལམ་ལུགས་སྤྱད་ན་མི་འཐུས།
སྡོད་ཁང་འཛུགས་སྐྲུན་གྱི་ས་ཆའི་བཀོལ་སྤྱོད་བྱེད་དབང་གི་དུས་བཀག་ཐིམས་ཚེ་ཇི་ལྟར་བྱེད་དགོས་སམ།
● དོན་ཚན་སུམ་བརྒྱ་དང་ང་དགུ་པ། སྡོད་ཁང་འཛུགས་སྐྲུན་གྱི་ས་ཆའི་བཀོལ་སྤྱོད་བྱེད་དབང་གི་དུས་བཀག་ལོངས་ཚེ་རང་ཤུགས་སུ་མཐུད་འགྱངས་བྱེད་པ་ཡིན། མཐུད་འགྱངས་འགྲོ་གྲོན་འཇལ་སྤྲོད་དམ་ཆག་ཡང་གཏོང་ཚེ། བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་གྱི་གཏན་འབེབས་ལྟར་སྒྲུབ་དགོས།
སྡོད་ཁང་མིན་པའི་འཛུགས་སྐྲུན་ས་ཆའི་བཀོལ་སྤྱོད་བྱེད་དབང་གི་དུས་བཀག་ལོངས་རྗེས་མཐུད་འགྱངས་བྱས་ཚེ། ཁྲིམས་ལྟར་སྒྲུབ་དགོས། ས་ཆ་དེའི་སྟེང་གི་ཁང་པ་དང་དེ་བཞིན་བརྟན་ནོར་གཞན་དག་གི་གཏོགས་ཁོངས་ནི། གྲོས་དན་བཞག་ཡོད་ན་གྲོས་དན་ལྟར་བྱེད་པ་དང་། གྲོས་དན་བཞག་མེད་པའམ་གྲོས་དན་གསལ་ངེས་མིན་ན་བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་གྱི་གཏན་འབེབས་ལྟར་སྒྲུབ་དགོས།
ཁྲིམས་ལུགས་འཆད་སྟེགས།
སྡོད་ཁང་འཛུགས་སྐྲུན་ས་ཆའི་བཀོལ་སྤྱོད་བྱེད་དབང་གི་དུས་བཀག་ཐིམས་རྗེས། ས་ཆའི་བཀོལ་སྤྱོད་དབང་བདག་གིས་འདུན་ཞུ་དང་ཞིབ་མཆན་གྱི་འགྲོ་ལུགས་གཉེར་བར་ཡོང་མི་དགོས་པར། དེ་རང་ཤུགས་ངང་མཐུད་འགྱངས་འགྲོ་གི་ཡོད། ཡིན་ནའང་དོ་སྣང་བྱེད་དགོས་པ་ཞིག་ནི། སྡོད་ཁང་འཛུགས་སྐྲུན་ས་ཆའི་བཀོལ་སྤྱོད་བྱེད་དབང་མཐུད་འགྱངས་ལ་འགྲོ་གྲོན་ངེས་ཅན་ཞིག་སྤྲོད་དགོས། དེའང་བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་གྱི་གཏན་འབེབས་ལ་གཞིགས་ནས་ཆ་ཚང་ངམ་ཉུང་ངུ་ཞིག་སྤྲོད་དགོས་པའམ་ཡང་ན་རྩ་བ་ནས་སྤྲོད་མི་དགོས་པའི་གཏན་འཁེལ་བྱེད་དགོས།
བོགས་མར་བཏང་ཟིན་པའི་རྒྱུ་ནོར་གཏའ་མར་བཞག་ཚེ་སྔོན་གྱི་བོགས་མའི་འབྲེལ་བར་ཤུགས་རྐྱེན་ཐེབས་སྲིད་དམ།
● དོན་ཚན་བཞི་བརྒྱ་དང་ལྔ་པ། གཏའ་མ་འཛུགས་དབང་མ་བཙུགས་གོང་དུ། གཏའ་འཛུགས་རྒྱུ་ནོར་བོགས་མར་བཏང་བ་མ་ཟད་བདག་འཛིན་སྤོ་སྒྱུར་བྱས་ཟིན་པ་ཡིན་ན། སྔོན་མའི་བོགས་མའི་འབྲེལ་བར་གཏའ་མ་འཛུགས་དབང་དེའི་ཤུགས་རྐྱེན་མི་ཐེབས་པ་ཡིན།
ཁྲིམས་ལུགས་འཆད་སྟེགས།
བཅའ་ཁྲིམས་ཀྱིས་ཁང་པ་བོགས་གཏོང་གི་འབྲེལ་བར་སྲུང་སྐྱོང་བྱེད་ཀྱི་ཡོད། ཁང་པ་བོགས་གཏོང་གན་རྒྱར་མིང་རྟགས་བཀོད་རྗེས། ཁང་པའི་བདག་དབང་བརྗེས་པའམ་ཡང་ན་གཏའ་མ་འཇོག་དབང་སོགས་གཞན་གྱི་དངོས་དབང་ལ་བཞག་པ་ཚང་མས་བོགས་གཏོང་གན་རྒྱ་མུ་མཐུད་ལག་ལེན་བསྟར་རྒྱུར་ཤུགས་རྐྱེན་ཐེབས་མི་ཐུབ། བོགས་མར་གཏོང་མཁན་གྱིས་བོགས་གཏོང་ཁང་པ་བཙོངས་ཚེ། མ་བཙོངས་གོང་ལ་དུས་བཀག་གཏན་གཏན་བཟོས་ནས་བོགས་མར་ལེན་མཁན་ལ་བརྡ་གཏོང་དགོས་པ་དང་། བོགས་མར་ལེན་མཁན་ལ་ཆ་རྐྱེན་གཅིག་མཚུངས་འོག་སྔོན་ལ་ཉོ་ཆོག་པའི་ཁེ་དབང་ལོངས་སུ་སྤྱོད་རྒྱུ་ཡོད། ཡིན་ནའང་ཁང་པའི་བདག་དབང་མཉམ་དུ་ཡོད་མཁན་གྱིས་ཁང་པ་སྔོན་ལ་ཉོ་དབང་ཡོད་པའམ་ཡང་ན་བོགས་མར་གཏོང་མཁན་གྱིས་ཁང་པ་སྤུན་ཉེར་བཙོངས་བ་འདིའི་ནང་ཚུད་མེད།