བྲག་ཡིབ་སྤྱི་བདེས།
གནམ་གྲུའི་སྤ་སེ་ཕྱིར་སློག་པའི་ཁ་བསླུས་གྱོད་གཞི་ཞིག་དུས་ཐོག་ཏུ་བཀག་འགོག་བྱས་པ།
ཉེ་ཆར་ཉིང་ཁྲིའི་མང་ཚོགས་བསོད་ཆེ་གེ་མོས“དམངས་ཀྱི་སྐུ་སྲུང་པས་སེམས་རྩ་འཁོལ་པོས་དམངས་ལ་བྱ་བཟང་སྒྲུབ”དང“ལས་བཀུར་གཞུང་དྲང་གིས་དམངས་ཀྱི་སེམས་ཁྲལ་སེལ་རོགས་བྱས”ཞེས་བྲིས་པའི་གོས་དར་གཉིས་བྲག་ཡིབ་ཆུས་སྤྱི་བདེ་ཅུས་ཁ་བསླུས་འགོག་རྒོལ་ལྟེ་གནས་སུ་བསྐྱལ་ཏེ། ཁ་བསླུས་འགོག་རྒོལ་ལྟེ་གནས་ཀྱི་མི་དམངས་ཉེན་རྟོག་པས་ཁོ་མོར་རྒྱུ་ནོར་གྱི་གྱོང་གུན་མི་ཕོག་པ་བྱས་པར་ཐུགས་རྗེ་ཆེ་ཞུས་པ་རེད། དེའི་རྒྱུ་མཚན་ནི་བསོད་ཆེ་གེ་མོས་གནམ་གྲུའི་སྤ་སེ་ཕྱིར་སློག་སྐབས་གཞན་གྱི་གཡོ་ཇུས་འོག་ཚུད་པ་དང་སྟབས་ལེགས་པ་ཞིག་ལ་དུས་ཐོག་ཏུ་ཉེན་རྟོག་པར་སྙན་སེང་ཞུས་པས། བྲག་ཡིབ་ཆུས་སྤྱི་བདེ་ཅུས་ཁ་བསླུས་འགོག་རྒོལ་གྱི་མི་དམངས་ཉེན་རྟོག་པས་དངུལ་མང་ཆེ་བ་འདེད་ལེན་ཐུབ་ཡོད་པས་རེད།
ངོ་སྤྲོད་བྱས་པར་གཞིགས་ན། ཉེ་ཆར། བསོད་ཆེ་གེ་མོར་མཁའ་འགྲུལ་ཀུང་སི་ཞིག་གི“ཞབས་ཞུ་བའི”ཁ་པར་འབྱོར་ཏེ་ཁོ་མོས་མངགས་ཉོ་བྱས་པའི་གནམ་གྲུའི་སྤ་སེ་དེ་གནམ་གྲུ་དུས་འགྱངས་བྱས་པའི་དབང་གིས་ཕྱིར་སློག་དགོས་ཞེས་བཤད་པ་དང་མིས་བཟོས་རྒྱུ་རྐྱེན་མིན་པས་ཕྱིར་སློག་པའི་འགྲོ་གྲོན་གང་འཚམ་ཞིག་གསབ་རྒྱུའི་ཁས་ལེན་ཡང་བྱས་པ་རེད།
བསོད་ཆེ་གེ་མོས་སྤ་སེ་ཕྱིར་སློག་གི་འགྲོ་ལུགས་གང་མགྱོགས་གཉེར་ཆེད། ཕ་རོལ་པོས་བཤད་པ་ལྟར་མཉེན་ཆས་ཤིག་ཕབ་ལེན་བྱས་པ་དང་ཕ་རོལ་པོས་བཤད་པ་ཇི་བཞིན་ར་སྤྲོད་བཤེར་རྟགས་བླུགས། བསོད་ཆེ་གེ་མོས་དུས་ཡུན་རིང་པོ་སྒུག་ཀྱང་ཕྱིར་སློག་གི་གུན་གསབ་དངུལ་རག་མེད་པ་དང་སོ་སོ་སྒེར་གྱི་དངུལ་ཁང་གཱ་བཤེར་སྐབས་སྒོར་ཁྲི་8ལྷག་ཙམ་ཡོད་པ་དེ་དག་གར་སོང་མེད་པ་གཞི་ནས་ཤེས། སྐབས་དེ་དུས་བསོད་ཆེ་གེ་མོས་རང་ཉིད་ལ་མགོ་སྐོར་ཐེབས་པ་གཞི་ནས་ཚོར་ཏེ་ལམ་སེང་ཉེན་རྟོག་པར་སྙན་སེང་ཞུས།
གནོད་འཚེ་ཕོག་པའི་ཁོ་མོའི་གྱོང་གུན་གསབ་ཆེད། གྱོད་དོན་སྙན་སེང་འབྱོར་རྗེས་མི་དམངས་ཉེན་རྟོག་པས་དེ་མ་ཉིད་དུ་གློག་འཕྲིན་ཁ་བསླུས་ཀྱི་ཉེས་དོན་མྱུར་རྒོལ་བྱ་ཐབས་སྤྱད་དེ། གང་མགྱོགས་དངུལ་སྤྲོད་མཚམས་འཇོག་པའི་ལས་དོན་སྤེལ་མཐར་ཁ་བསླུས་རྒྱག་མཁན་གྱིས་དངུལ་མ་སྒྱུར་གོང་ཁ་བསླུས་ཐེབས་པའི་དངུལ་སྒོར་68940འདེད་ལེན་ཐུབ་ཡོད་པ་རེད།
ཉིང་ཁྲིའི་ཉེན་རྟོག་ཕྱོགས་ནས་འདིར་དྲན་སྐུལ་ཞུ་རྒྱུར། གནམ་གྲུ་དུས་ཐོག་ལ་འཕུར་མ་ཐུབ་པ་དང་དུས་ཚོད་ལ་འགྱུར་ལྡོག་བྱུང་ནས་སྤ་སེ་ཕྱིར་སློག་སོགས་བྱེད་དགོས་པའི་ཁ་པར་དང་འཕྲིན་ཐུང་འབྱོར་ན། ངེས་པར་དུ་མཁའ་འགྲུལ་ཀུང་སིའི་ཞབས་ཞུའི་ཁ་པར་དང་གཞུང་ཕྱོགས་དྲ་ཚིགས་སོགས་བརྒྱུད་གནས་ཚུལ་ངོ་མ་ཡིན་མིན་ཞིབ་དཔྱད་བྱེད་དགོས། གལ་སྲིད་མཉེན་ཆས་འདྲ་མིན་སྣ་ཚོགས་ཕབ་ལེན་བྱེད་དགོས་པ་དང་བརྙན་ཤེལ་མཉམ་སྤྱོད་བྱེད་དགོས་པའི་རེ་བ་བཏོན་ན། འཕྲལ་དུ་ཁ་ཡ་བྱ་རྒྱུ་མེད་ལ་ཡོང་ཁུངས་གསལ་པོ་མེད་པའི་མཉེན་ཆས་ཕབ་ལེན་དེ་བས་ཀྱང་བྱེད་རྒྱུ་མེད། རང་ཉིད་ཀྱི་དངུལ་ཁང་གཱ་ཡི་ཨང་གྲངས་དང་། གསང་བའི་ཨང་གྲངས། ར་སྤྲོད་བཤེར་རྟགས་སོགས་རྒྱུ་ནོར་བདེ་འཇགས་དང་འབྲེལ་བའི་ཆ་འཕྲིན་གལ་ཆེན་ལ་སྲུང་སྐྱོང་ཡག་པོ་བྱས་ནས་གང་བྱུང་དུ་ཕྱིར་མི་གྱར་བ་བྱེད་དགོས། གལ་སྲིད་ཁ་བསླུས་ཐེབས་ཚེ་དུས་ཐོག་ཏུ་110ལ་ཁ་པར་བརྒྱབ་ནས་སྙན་སེང་ཞུ་དགོས།