བྲག་གཡབ་རྫོང་སྤྱི་བདེ་ཅུས་ཀྱིས།
གློག་འཕྲིན་དྲ་རྒྱའི་ཁ་བསླུས་གྱོད་གཞི་གཉིས་རྩད་ཆོད་པ།
ཉེ་ཆར་ཆབ་མདོ་གྲོང་ཁྱེར་བྲག་གཡབ་རྫོང་སྤྱི་བདེ་ཅུས་ཀྱིས་གློག་འཕྲིན་དྲ་རྒྱའི་ཁ་བསླུས་གྱོད་གཞི་2རྩད་ཆོད་པ་དང་གྱོད་གཞི་དང་འབྲེལ་བ་ཡོད་པའི་མ་དངུལ་སྒོར་ཁྲི་17ལྷག་ཙམ་ཚུར་བླངས་པ་རེད།
གྱོད་གཞི་དང་པོ། 2024ལོའི་ཟླ་4ཚེས་22ཉིན་གྱི་ཆུ་ཚོད་16ཙམ་ལ་དར་ཆེ་གེ་མོས“མོའོ་མོའོ”ཡི་གྲོགས་སྒྲིག་མཉེན་ཆས་ཐོག་ནས་མི་རྒྱུས་མེད་ཅིག་ངོ་ཤེས་ཤིང་། མི་རྒྱུས་མེད་དེའི་གདན་ཞུས་ལྟར་དྲ་ཐོག་འཆལ་རྒྱུག་དང་འབྲེལ་དྲ་ཚིགས་བསྐུར་ནས་དར་ཆེ་གེ་མོར་འབྲེལ་ཡོད་མཉེན་ཆས་ཕབ་ལེན་བྱེད་དུ་བཅུག དར་ཆེ་གེ་མོས་ཕ་རོལ་པོས་བཤད་པ་ལྟར་ཕབ་ལེན་དང་ཐོ་འགོད་བྱས་རྗེས་དོགས་ཡོད་ཉེས་ཅན་གྱིས“གཡེམ་ཆད”བྱང་བུ་ལེན་པ་དང་དེའི་སྤྱོད་ནུས་སློང་བ་རྒྱུ་མཚན་དུ་བྱས་ཏེ་དར་ཆེ་གེ་མོར་མཉེན་ཆས་ཀྱི་སྟེང་དུ་རྔན་པ་སྤྲོད་དགོས་པའི་རེ་བ་བཏོན། ལས་འགན་ལེགས་གྲུབ་བྱུང་རྗེས་གཞི་ནས་གཱ་ཡི་སྤྱོད་ནུས་སློང་རྒྱུ་ཡོད་པ་མ་ཟད། རྔན་པའི་དངུལ་གྲངས་ཚང་མ་དངུལ་སྨར་ལེན་ཆོག་པའི་ཁས་ལེན་བྱས། དར་ཆེ་གེ་མོས་དེར་ཡིད་ཆེས་བྱས་ནས་དོགས་ཡོད་ཉེས་ཅན་གྱིས་མཁོ་འདོན་བྱས་པའི་རྩ་གཉིས་ཨང་རྟགས་དང་དངུལ་ཁང་གཱ་ལ་ཁྱོན་སྒོར་ཁྲི་27ལྷག་ཙམ་ཐེངས་མང་པོ་བསྒྱུར།
གྱོད་གཞི་གཉིས་པ། 2024ལོའི་ཟླ་2ཚེས་8ཉིན་གྱི་ཆུ་ཚོད་21ཙམ་ལ་དབྱང་ཆེ་གེ་མོས་འཁྱུག་དབྱིངས་ཀྱི་བརྙན་ཐུང་ཞིག་ནས“དྲ་ཐོག་ནས་ཞུའེ་ཨེར་ཤེས་རྟོགས་བྱེད”ཅེས་པའི་ཚོགས་གླེང་གི་རྩ་གཉིས་ཨང་རྟགས་ཤིག་བཤར་འབེབས་བྱས་ཏེ་མིང་ལ“འཆལ་འགུག”ཅེས་པའི་མཉེན་ཆས་ཀྱི་དྲ་ཚིགས་ཤིག་རག དབྱང་ཆེ་གེ་མོས་མཉེན་ཆས་ཕབ་ལེན་བྱས་ནས་ཐོ་འགོད་བྱས་རྗེས། ཚོང་ཞབས་པས“གཡེམ་ཆད”བྱང་བུ་ལེན་པ་རྒྱུ་མཚན་དུ་བྱས་ནས་དབྱང་ཆེ་གེ་མོར་སྔ་རྗེས་སུ་རྔན་པ་ཁྱོན་སྒོར་ཁྲི་34ལྷག་ཙམ་སྤྲོད་དུ་བཅུག
ཤེས་རྟོགས་བྱུང་བར་གཞིགས་ན། བྲག་གཡབ་རྫོང་སྤྱི་བདེ་ཅུས་ཀྱི་ཉེས་དོན་ཉེན་རྟོག་རུ་ཆེན་ལ་གྱོད་དོན་སྙན་སེང་འབྱོར་རྗེས་འཕྲལ་མར་བརྟག་དཔྱད་དཔང་ལེན་དང་གྱོད་གཞིའི་གནས་ཚུལ་དབྱེ་ཞིབ་ཞིབ་གཅོད་ཚོགས་འདུ་འཚོགས་ནས་རྫོང་ཅུས་ཀྱི་ཉེན་རྟོག་པ་ཧྲག་བསྡུས་བྱས་ཏེ་རྡུང་རྡེག་ལས་དོན་གྱི་ཆེད་དོན་ཚོགས་ཆུང་བཙུགས་ནས་སྔ་རྗེས་སུ་ཧྲའན་ཤིས་དང་། ཀན་སུའུ། ཧྲན་ཤིས། ཅང་སུའུ་སོགས་ཞིང་ཆེན་མང་པོ་ཞིག་ཏུ་བསྐྱོད་དེ་གློག་འཕྲིན་དྲ་རྒྱའི་ཁ་བསླུས་གྱོད་གཞི་གཉིས་བདེ་བླག་ངང་རྩད་ཆོད་པར་གྱོད་གཞི་དང་འབྲེལ་བ་ཡོད་པའི་ཁྲིམས་འགལ་ཉེས་གསོག་དོགས་ཅན་5འཛིན་བཟུང་བྱས་པའི་ནང་མི་3ལ་བཙན་ཤེད་ཀྱི་བྱེད་ཐབས་སྤྱད་པ་དང་མི་2ལ་སྲིད་འཛིན་གྱི་ཆད་པ་བཅད་ཡོད། དེས་མ་ཟད་གྱོད་གཞི་དང་འབྲེལ་བ་ཡོད་པའི་དངུལ་སྒོར་ཁྲི་17ལྷག་ཙམ་ཚུར་བླངས་པ་རེད།
མིག་སྔར་གྱོད་གཞི་དེ་གཉིས་སྔར་བས་ཐག་གཅོད་བྱེད་བཞིན་ཡོད་པ་རེད། གོམ་སྟབས་རྗེས་མར་བྲག་གཡབ་རྫོང་སྤྱི་བདེ་ཅུས་ཀྱིས་དོགས་ཟོན་བྱ་རྒྱུའི་དྲིལ་བསྒྲགས་བྱེད་པ་དང་། གནད་ལ་འཁེལ་བའི་རྡུང་རྡེག་གཏོང་བ། ཉེན་ཟོན་སྔོན་བརྡ་བཏང་ནས་བཀག་སྡོམ་བསླབ་བྱ་གཏོང་བ། བཙོག་དངུལ་འདེད་ལེན་དང་གྱོང་གུན་མི་ཕོག་པ་སོགས་ཀྱི་ཐད་མུ་མཐུད་འབད་བརྩོན་ཆེན་པོ་བྱས་ནས་མི་དམངས་མང་ཚོགས་ཀྱི“དངུལ་ཁུག”ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱ་རྒྱུ་ཡིན་པ་རེད།