སྣེ་གདོང་ཆུས་སྤྱི་བདེ་ཅུས་ཀྱིས།
ཕ་མའི་ལྐོག་ཏུ་ཁྱིམ་ནས་ཐོན་པའི་ན་སོ་དར་ལ་མ་བབས་པའི་བུ་མོ་ཞིག་འཚོལ་རོགས་བྱས་པ།
ཉིན་ཤས་གོང་། ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་སྤྱི་བདེ་ཅུས་བཀོད་འདོམས་ལྟེ་གནས་སུ་ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་སྤྱི་བདེ་ཅུས་བཀོད་འདོམས་ལྟེ་གནས་ནས་བཏང་བའི་ཁ་པར་ཞིག་འབྱོར་ནས། གསེར་རྙེད་ཆུས་སུ་ན་སོ་དར་ལ་མ་བབས་པའི་བུ་མོ་ཞིག་བརླག་འདུག བརྟག་དཔྱད་བྱས་པ་བརྒྱུད། ལོ་13ལ་སླེབས་པའི་བུ་མོ་དེ་མིག་སྔར་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་སུ་ཡོད་པས་འཚོལ་རོགས་ཞེས་ཞུས།
ཁ་པར་འབྱོར་རྗེས། སྣེ་གདོང་ཆུས་སྤྱི་བདེ་ཅུས་བཀོད་འདོམས་ལྟེ་གནས་ཀྱིས་འཕྲལ་དུ་ཉེན་དོན་བདེ་འཇགས་རུ་ཆེན་དང་མངགས་གཏོང་ཁང་ཁག་ལ་བརྡ་ཁྱབ་བཏང་བ་དང་། གྲལ་བཤེར་ཞིབ་ཕྲ་བྱས་པ་བརྒྱུད། མི་དམངས་ཉེན་རྟོག་པས་སྣེ་གདོང་ཆུས་སྐལ་བཟང་ལམ་གྱི་ཉེ་འགྲམ་ནས་བུ་མོ་དེའི་འགྲོ་སྐྱོད་གནས་ཚུལ་ཤེས་རྟོགས་བྱུང་བ་རེད། སྣེ་གདོང་ཆུས་བདེ་འཇགས་རུ་ཆེན་དང་། བྱ་ས་ཁྲོམ་གཞུང་མངགས་གཏོང་ཁང་། ཧུང་ཤིང་སྡེ་ཁུལ་ཉེན་དོན་ས་ཚིགས་བཅས་ཀྱིས་ཉེན་རྟོག་པ་སྒྲིག་འཛུགས་བྱས་ནས་བུ་མོ་དེའི་འགྲོ་སྐྱོད་ཁུལ་གཙོ་བོར་བྱས་ཏེ་ཕྱོགས་ཡོངས་ནས་འཚོལ་ཞིབ་བྱས་པ་རེད།
འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད། ཉིན་དེའི་དགོང་མོའི་ཆུ་ཚོད་11ཙམ་ལ། མི་དམངས་ཉེན་རྟོག་པས་ཁུལ་ཆུང་ཞིག་གི་ཉེ་འགྲམ་གྱི་ཚོང་ཁང་ཞིག་ནས་བུ་མོ་དེ་རྙེད་ཅིང་། འདྲི་རྩད་བྱས་པ་བརྒྱུད། “དྲ་གྲོགས”ཤིག་གིས་གླ་ཆ་མཐོ་བའི་ལས་ཀ་ཞིག་ཡོད་ལུགས་བརྗོད་པར་བུ་མོ་དེ་ཡིད་ཆེས་ནས། ཕ་མར་གྲོས་བསྡུར་གང་ཡང་མ་བྱས་པར་རང་ཉིད་གཅིག་པུ་སྣེ་གདོང་ཆུས་སུ་ཡོང་བ་ཞིག་རེད།
མི་དམངས་ཉེན་རྟོག་པས་བུ་མོ་དེར་ཁ་ཏ་བསླབ་བྱ་བྱས་པ་དང་འབྲེལ། ཕ་མའི་ལྐོག་ཏུ་རང་དགར་ཁྱིམ་ནས་ཐོན་ཚེ་མཇུག་འབྲས་ཚབས་ཆེན་ཐོན་ལུགས་བརྗོད་པར། བུ་མོ་དེས་རང་ཉིད་ཀྱི་བྱ་སྤྱོད་ནི་བསམ་བློ་མ་ཐོངས་པ་ཞིག་ཡིན་པའི་ངོས་འཛིན་གསལ་པོ་ཐུབ་ཅིང་། མཚན་གང་རླངས་འཁོར་ལ་བསྡད་ནས་རང་ཉིད་འཚོལ་བར་ཡོང་བའི་ཕ་མ་གཉིས་མཐོང་རྗེས། རང་འགུལ་ངང་རང་ཉིད་ཀྱི་ནོར་འཁྲུལ་ཁས་བླངས་པ་རེད། མི་དམངས་ཉེན་རྟོག་པས་བུ་མོ་དེ་སྐྱོན་བྲལ་མེད་པར་ཕ་མར་རྩིས་སྤྲད་པ་དང་འབྲེལ། བུ་མོར་ཕ་མ་དང་འབྲེལ་འདྲིས་མང་ཙམ་བྱེད་པ་ལས། རྒྱུས་མེད་མི་ལ་གང་བྱུང་དུ་ཡིད་ཆེས་བྱེད་མི་རུང་བའི་མངགས་བྱ་བྱས།